ཉེ་ཆར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2024ལོའི་དུས་ཚིགས་བཞི་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། དྲ་བའི་ཐོག་དོ་ཁུར་བྱེད་ཚད་དང་ས་གནས་ཁག་དང་ཚན་པ་ཁག་གི་འོས་སྦྱོར་བསམ་འཆར་ལ་ཕྱོགས་བསྡུས་ཞིབ་དཔྱད་བྱས་པ་བརྒྱུད། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་42གཟི་བརྗིད་མིང་གྲལ་ལ་ཚུད་ཡོད་པ་རེད། མིང་གྲལ་དུ་ཚུད་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་གྲས་སུ། གྲི་ཁྱེར་ནས་གཞན་ལ་གནོད་འཚེ་བཟོ་མཁན་ཉེས་གསོག་དོགས་ཅན་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་མཁན་ཙུའོ་ཅན་གོ་དང་། ཧོང་ཧྲུའུ་ཐའོ། ཝང་ཡུས། ཝང་ལེ། ཉེ་ཡུས་ཤིང་། ཧོ་ཅན་སོགས་དང་། ཁ་ཤོར་བའི་བྱེས་བགྲོད་རླངས་འཁོར་འགོག་ཐབས་བྱས་ནས་བདེ་འཇཌ་ཀྱི་ལས་འཛོལ་ཚབས་ཆེན་མི་ལྷག་པར་བྱེད་མཁན་ཏུའུ་ཀྲི་ཅུན། གཙང་པོ་དང་ཆུ་མཛོད་ལ་མཆོངས་ནས་ཉེན་གྱར་མང་ཚོགས་ཁ་ཤས་བསྟུད་མར་སྐྱོབ་མཁན་ཆན་ཝེ་དང་། ཏུའུ་ཆང་། ཉིའུ་ཝུན་དབྱི། ཐན་ཏི་ཞན་སོགས་ཡོད། དེའི་ནང་བོད་ནས་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་ཞིག་མིང་བྱང་དུ་ཚུད་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་མིང་གྲལ་དུ་ཚུད་པའི་རང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཡིའུ་ཧྥང་ཁ་གྲོང་ཚོའི་ལི་ཡན་ཧུང་རེད། 2024ལོའི་ཟླ་9ཚེས་22ཉིན་གྱི་ཆུ་ཚོད་12ཙམ་ལ། ལི་ཡན་ཧུང་ཟོག་འདྲེན་རླངས་འཁོར་བཏང་ནས་མཚོ་བོད་གཞུང་ལམ་གྱི(G109)གདང་ལའི་ལམ་དུམ་བརྒྱུད་སྐབས། ཁ་སང་སྔ་དྲོ་ལམ་འགྲམ་དུ་བཞག་པའི་འཁྱག་ཉར་རླངས་འཁོར་སྔོན་པོ་དེ་ད་དུང་ཡང་རང་སར་ལུས་ཡོད་པ་མཐོང་། ལི་ཡན་ཧུང་ནི་རླངས་འཁོར་བཏང་ནས་ཐག་རིང་དུ་ལོ་མང་འགྲོ་མྱོང་བའི་ཁ་ལོ་བ་ཉམས་མྱོང་ལྡན་པ་ཞིག་ཡིན་པས། ཁོང་གིས་རླངས་འཁོར་དེར་གཏན་གཏན་གནས་ཚུལ་ལྷག་པ་ཤེས། དེ་རྗེས་རླངས་འཁོར་གྱི་ཁ་བཀག་ནས་ལི་ཡན་ཧུང་དང་ཁོང་གི་འགྲོ་རོགས་ཀྱིས་མྱུར་དུ་ལྟ་བར་འགྲོ་སྐབས། ཁ་ལོ་བ་རླངས་འཁོར་ནང་དྲན་པ་ཐོར་ནས་ལུས་ཡོད་པ་མཐོང་། དེ་མུར་ལི་ཡན་ཧུང་གིས་རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་བལྟས་པས་ཁ་ལོ་བར་དབུགས་ཡོད་པ་ཤེས་འཕྲལ་ཉེན་རྟོག་པར་སྙན་སེང་ཞུས་པ་དང་མྱུར་སྐྱོབ་རླངས་འཁོར་ལ་འབྲེལ་གཏུག་བྱས་པ་མ་ཟད། གསོ་རླུང་སྒྲིག་ཆས་ཁྱེར་ནས་ཁ་ལོ་བར་གསོ་རླུང་རྔུབ་ཏུ་བཅུག མྱུར་སྐྱོབ་རླངས་འཁོར་འབྱོར་རྗེས། ལི་ཡན་ཧུང་གིས་ཁ་ལོ་བ་ཀྲང་རླངས་འཁོར་ནང་སྐྱེལ་རོགས་བྱས་ནས་ཕྱིར་ལོག་པ་རེད། ལི་ཡན་ཧུང་གོར་མོ་གྲོང་ཁྱེར་དུ་འབྱོར་དུས་ཁ་ལོ་བ་ཀྲང་གི་བུ་མོའི་ཁ་པར་སླེབས་ནས་དངོས་ཟོག་སྐྱེལ་རོགས་གནང་དང་ཞེས་སྐྱབས་འཇུག་ཞུས་པས་ཁོང་གིས་གནས་ཚུལ་ཐོན་ཡུལ་དུ་ཕྱིར་ལོག་སྟེ། ཁ་ལོ་བ་ཀྲང་གི་གྲང་ཉར་རླངས་འཁོར་བཏང་ནས་དངོས་ཟོག་ཁག་གཅིག་སྤྱི་ལེ་1100ལྷག་ཙམ་ཆོད་པའི་བོད་ལྗོངས་འགྲམ་འགག་སྒོ་བར་བསྐྱལ་པ་དང་། དངོས་ཟོག་ལྷག་མ་རྣམས་སྤྱི་ལེ་4300ལྷག་ཙམ་ཆོད་པའི་ཧྲེན་ཀྲེན་གྲོང་ཁྱེར་དུ་བསྐྱལ་ཞིང་། དེ་རྗེས་སླར་ཡང་སྤྱི་ལེ་2100ལྷག་ཙམ་བསྐྱོད་དེ་གྲང་ཉར་རླངས་འཁོར་ཁ་ལོ་བ་ཀྲང་གི་ཕ་ཡུལ་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་དུ་བསྐྱལ་པ་རེད། ཤེས་རྟོགས་བྱས་པ་བརྒྱུད། ཁ་ལོ་བ་ཀྲང་སྨན་ཁང་དུ་བསྐྱལ་རྗེས་སྲོག་ཉེན་ལས་ཐར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་འདེམས་པའི་བྱེད་སྒོ་ནི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། ཀྲུང་ཧྭ་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། 2022ལོའི་ཟླ་9པ་ནས་བཟུང་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཐེངས་9ཁྱབ་བསྒྲགས་བྱས་པ་དང་ཁྱོན་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་482མིང་བྱང་ནང་ཚུད་ཡོད་པ་རེད།