འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་དང་། ཁྲུང་ཆིང་། སིང་ཀ་ཕོར་བཅས་དབར་གྱི་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་བདེ་བླག་ཐུབ་པ་ནི་ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་རྗེས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མཁའ་ལམ་གཉིས་པ་དེ་ཡིན་པ་དང་། ལྷ་སའི་འགག་སྒོ་ལས་ཁུངས་དང་། ཁྲུང་ཆིང་འགག་སྒོ་ལས་ཁུངས། ནུབ་རྒྱུད་མཁའ་འགྲུལ་ཀུང་སི་བཅས་ཀྱིས《ཕྱོགས་གསུམ་འབྲེལ་གཏུག་མཐུན་སྦྱོར་གྱི་བྱ་ཐབས》ལ་མཉམ་དུ་མིང་རྟགས་བཀོད་ནས་རྒྱལ་སྤྱིའི་དུས་གཏན་གནམ་གྲུས་རྒྱལ་ནང་གི་འགྲུལ་པ་དབོར་བའི་ལས་གཉེར་བྱེད་འགོ་ཚུགས་ཡོད།
མཁའ་ལམ་གསར་པ་ཤར་གཏོང་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་རང་འགུལ་ངང་ཁྲུང་ཆིང་འགག་སྒོ་ལས་ཁུངས་དང་འབྲེལ་གཏུག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གནམ་ཐང་དང་མཁའ་འགྲུལ་ཀུང་སི་སོགས་ཚན་པ་དང་འབྲེལ་གཏུག་བྱས་ཏེ་འཚམས་འདྲིའི་བརྟག་ཞིབ་དང་འགག་སྒོའི་སྲིད་ཇུས་སྒྲོག་འགྲེལ་བྱས་ནས། སྔོན་ནས་མཁའ་ལམ་ཤར་གཏོང་གི་དགོས་མཁོ་ཤེས་པའི་ཐོག“གཅིག་གཏད་གཅིག”གིས་ཁེ་ལས་ལ་མཁའ་ལམ་ཤར་གཏོང་མ་བྱས་གོང་གི་མཛུབ་ཁྲིད་བྱས་ཏེ་དུས་གཏན་གནམ་གྲུ་གཏོང་བའི་ཐོ་འགོད་དང་སྐབས་བསྟུན་ཆ་འཕྲིན་རེ་ཞུ་ཚད་ལྡན་ཡོང་བའི་འགན་ལེན་བྱས་ཡོད།