《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月28日

ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱོད་གཞི་སྣ་ཚོགས་13788སྒྲུབ་གཉེར་བྱས་པ།

2024ལོ།

ཟླ་1ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད།

སྙན་སྒྲོན་ནང་བསྟན་དོན།

2024ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན། ཁྲིམས་སྐྱོང་ལ་འགན་འཁུར་བ་བཅས་བྱས་ནས་སྤུས་འབྲས་ཆེ་བའི་ངང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་ལེན་བསྟར་བར་གྲུབ་འབྲས་གསར་པ་ཐོབ་ཡོད།

ལོ་ཧྲིལ་པོར་བཅའ་ཁྲིམས་ལྟ་སྐུལ་གྱོད་གཞི་སྣ་ཚོགས་13788སྒྲུབ་གཉེར་དང་འགན་དབང་གཞིར་བཟུང་རང་འགུལ་ངང་གྱོད་གཞི་6394སྒྲུབ་གཉེར་བྱས་པ་དེ་2020ལོ་ལས་230%འཕར་བ་དང་འགན་འཁྲི་སྒྲུབ་པའི་སྤུས་འབྲས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།

2024ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་རྟོགས་ངང་སྤྱི་ཡོངས་ལ་སྟངས་འཛིན་བྱེད་པའི་ཁྲོད་ཞིབ་དཔྱོད་ཀྱི་ངེས་གནས་བཙལ་འཚོལ་ཡང་དག་བྱེད་པ་དང་། སྤྱི་ཡོངས་དང་མཉམ་འདྲེས་བྱེད་པའི་ཁྲོད་ཞིབ་དཔྱོད་ཀྱི་འགན་ནུས་འདོན་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཞིབ་དཔྱོད་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“འཛུགས་གཏོད་བཞི”འགན་ལེན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཡོད། ཉེས་དོན་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་ནན་པོ་བྱེད་དགོས་རིགས་ལ་ནན་པོ་བྱེད་པ་དང་གུ་ཡངས་གཏོང་དགོས་རིགས་ལ་གུ་ཡངས་བཏང་སྟེ་མི་1245བཟུང་རྒྱུའི་ཆོག་མཆན་སྤྲད་པ་དེ་དུས་མཚུངས་ལས་11.86%འཕར་བ་དང་། མི་3313ཞུ་གཏུག་བྱས་པ་དེ་དུས་མཚུངས་ལས་16.5%འཕར་ཡོད། ཁྲིམས་ལྟར་བྱས་ཉེས་ཁས་ལེན་དང་ཆད་གཅོད་ཁས་ལེན་ལ་གུ་ཡངས་འཐུས་སྤྱོད་བྱས་པའི་མི་གྲངས་3880ཟིན་པ་དང་འཐུས་སྤྱོད་བྱེད་ཚད་93%ཟིན་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ“གྱོད་གཞི་རིགས་བཅུའི”གྱོད་གཞི་82དང་མི་198ཞུ་གཏུག་བྱས་ཡོད།

སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བརྒྱབ་ནས་ཁྲིམས་ལྟར་ཆད་པ་བཅད་པ་བརྒྱུད། ར་བཟི་འཁོར་གཏོང་གི་གྱོད་གཞི་ཐོན་མང་བའི་འཕེལ་ཕྱོགས་བཀག་འགོག་ནུས་ལྡན་ཐུབ་ཡོད། འཇམ་ཆེ་གེ་མོ་དེ་སྔ་ར་བཟི་འཁོར་གཏོང་བྱས་པའི་དབང་གིས་ཆད་པ་ཕོག་པ་དང་2024ལོར་སླར་ཡང་ཆང་བཏུངས་འཁོར་གཏོང་བྱས་ཡོད། སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གིས་ཆད་པ་ནན་པོ་གཅོད་པ་དང་ཉེས་ཆད་ནར་འགྱངས་མི་བྱེད་པའི་གྲོས་འགོ་བཏོན་པར་ཁྲིམས་ཁང་གི་རྒྱབ་སྐྱོར་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེའི་ཁྲོད་བདམས་ཡོད། གཞི་རིམ་བཅོས་སྐྱོང་གི་ལོ་གསུམ་གྱི་མཐོར་གཏོང་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཏེ། གཏུག་བཤེར་གྱི་འབྱུང་རྩ་བཅོས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གྱོད་སྒྲུབ་དང་ཟུང་འབྲེལ་གྱིས་སྤྱི་ཚོགས་བཅོས་སྐྱོང་རིགས་ཀྱི་ཞིབ་དཔྱོད་གྲོས་འགོ་293བཏོན་པ་དང་། གྲོས་འགོ་286དང་ལེན་བྱས་པར་དང་ལེན་བྱེད་ཚད་97.6%ཟིན་ཡོད།

ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འབྲེལ་ཡོད་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་སྐྱོན་བཏང་བའི་ཉེས་གསོག་གྱོད་གཞི་32དང་མི་70ཞུ་གཏུག་བརྒྱབ་པ་དང་། ཉེས་དོན་ཞོར་འདྲུད་དམངས་དོན་སྤྱི་ཕན་གྱོད་གཞི་14གཏུག་བཤེར་བྱས་པ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་སྐྱིན་ཚབ་དངུལ་སྒོར་ཁྲི་85.7བདའ་འདེད་བཏང་ཡོད། ལྗོངས་སྤྱི་བདེ་ཐིང་དང་ཆུ་བེད་ཐིང་དང་མཉམ་འབྲེལ་གྱིས“ཆུ་གཞུང་གི་བྱེ་མ་ཁྲིམས་འགལ་ངང་སྔོག་འདོན་བྱེད་པར་ཆེད་དོན་བཅོས་སྐྱོང”གི་བྱ་སྤྱོད་སྤེལ་ནས་བྱེ་ར་50སྒོ་བརྒྱབ་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྤྱི་ཕན་གཏུག་བཤེར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གྱོད་གཞི་500ལ་བརྟག་དཔྱད་བྱས་ཏེ་ཐོ་འགོད་བྱས་པ་དང་ཞིབ་དཔྱོད་གྲོས་འགོ་191བཏོན་པ། སྦགས་བཙོག་ཐེབས་པའི་ཆུ་ཁུངས་15དང་གད་སྙིགས་ཀྱི་ས་བཟུང་རྒྱ་ཁྱོན་མུའུ་213.8བཅོས་སྐྱོང་བྱེད་པར་ལྟ་སྐུལ་བྱས་ཡོད།

དུས་ཡུན་རིང་པོའི་ནང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ“གྱོད་གཞི་ཚང་མ་སྤུས་འབྲས་ཆེན་པོས་སྒྲུབ་གཉེར་བྱེད་པའི”གཞི་རྩའི་རིན་ཐང་བརྩོན་ལེན་བྱ་རྒྱུ་བློ་ལ་བརྟན་པོར་བཅངས་ནས། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་པ་དང་།“གཱ་གཙང་སེལ”གྱི་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་ནས། གྱོད་གཞི་217དང་མི་360ཞུ་གཏུག་བྱས་ཏེ་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”སྲུང་སྐྱོང་ཡག་པོ་བྱས་ཡོད། དམངས་འཚོ་དམངས་ཕན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་330སྒྲུབ་གཉེར་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་373སྒྲུབ་གཉེར་བྱས་ཡོད། ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་གྱོད་གཞི་465སྒྲུབ་གཉེར་བྱས་ནས་ཞིང་པ་ལས་མི་སོགས་ཉམས་ཞན་ཚོགས་སྤྱིར་གླ་ཆ་སྒོར་ཁྲི་2400ལྷག་ཙམ་འདེད་ལེན་བཏང་ཡོད།

ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་ལ་ཆད་གཅོད་ནན་པོ་བྱས་ཏེ་མི་113ཞུ་གཏུག་བརྒྱབ་པ་དེ་དུས་མཚུངས་ལས་25.5%འཕར་བ་དང་། “སྔོན་འགོག་ནི་སྲུང་སྐྱོབ་ཡིན་ལ། ཆད་གཅོད་ཀྱང་ཉེན་སྐྱོབ་ཡིན་པ”མཐའ་འཁྱོངས་བྱས་ཏེ་ཉེས་ཚབས་ལྕི་བའི་ན་སོ་དར་ལ་མ་བབས་པའི་མི་77ཁྲིམས་ལྟར་ཞུ་གཏུག་བརྒྱབ་པ་དེ་དུས་མཚུངས་ལས་22.2%འཕར་བ། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ཕྱོགས་བསྡུས་བཅོས་སྐྱོང་ཟབ་ཏུ་བཏང་ནས་སྤྱི་ཚོགས་བརྟག་དཔྱད་ཐེངས་298དང་སེམས་ཁམས་མཛུབ་ཁྲིད་ཐེངས་173བྱས་པ་དང་། ལྟ་སྐྱོང་ལ་ལྕག་སྐུལ་བྱེད་པའི་བཀའ་རྒྱ་ཁག་22བཀྲམ་པ། མི་95ཡི་ཉེས་གསོག་ཟིན་ཐོ་ཐམ་ནན་ཉར་ཚགས་བྱས་པ། མགྲོན་ཁང་དང་། དྲ་ཁང་། རོལ་རྩེད་ཁང་བཅས་ཀྱིས་ཁྲིམས་འགལ་ངང་ན་སོ་དར་ལ་མ་བབས་པའི་མི་དང་ལེན་བྱས་པའི་གྱོད་གཞི་50ལ་ལྕག་སྐུལ་བཅོས་སྒྲིག་བྱས་པ། བཙན་ཤེད་ངང་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱས་ནས་སློབ་གྲྭ་འབྲིང་ཆུང་དུ་ཨང་གྲངས་12309ཡི་ཁ་པར་296བཙུགས་ནས་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འགལ་གྱི་གནོད་འཚེ་ཕོག་པའི་གྱོད་གཞི་19ཤེས་རྟོགས་ཐུབ་པ་དང་ཐག་གཅོད་བྱས་པ། ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་66ལ་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་136.2སྤྲད་པ། ཞིབ་དཔྱོད་དཔོན་288ཀྱིས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི(ཟུར་ཁྲིད་པ)འགན་ཁུར་བ་དང་། ཁྲིམས་སྐྱོང་སློབ་གསོ་ཐེངས་842སྤེལ་བར་སློབ་གསོ་ཐོབ་པའི་དགེ་སློབ་མི་ཐེངས་ཁྲི་94.9ཟིན་ཡོད།

2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས《དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་། 《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ཁྲིམས་ལྟར་ལག་བསྟར་ཡང་དག་བྱེད་པ། རྒྱང་ལམ་གསར་པའི་བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཁྲིམས་འཛིན་པ། ཁྲིམས་སྐྱོང་ལ་འགན་འཁུར་བ་བཅས་བྱེད་པ། ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། གྱོད་གཞི་ཚང་མ་སྤུས་ནུས་ཆེན་པོས་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད་ལ། དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུའང་རེད།