2024ལོ།
ཟླ་1ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད།
2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཚན་ཁག་གིས་འབད་འབུངས་དངོས་སྒྲུབ་བྱས་པའི་ལོ་གལ་ཆེན་ཞིག་བཅས་རེད། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“སྤྱི་ཡོངས་གཅིག་ལ་དམིགས་པ་དང་། མཐོར་གཏོང་བརྒྱད་མངོན་འགྱུར་བྱེད་པའི”སྤྱིའི་བསམ་ཕྱོགས་གཞིར་བཟུང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཁྲིམས་འཛིན་གྱི་ལས་དོན་ཏན་ཏིག་བསྒྲུབས་ནས། བོད་ཀྱི་ཁྲིམས་ཁང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི“སྤྱི་གཏད་སྤྱི”ཡི་གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་ལམ་སྲོལ་གྱི“གྲོགས་ཚོམ”ཁག་12བར་མང་དུ་ཕྱིན་ཡོད། གཞི་རིམ་ཚན་པ་1014དང་། འདུམ་འགྲིག་རྩ་འཛུགས་599 འདུམ་འགྲིག་པ་1572བཅས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་སུ་བཅའ་ཞུགས་བྱས་ཏེ། གཏུག་བཤེར་མ་བྱས་གོང་རྩོད་གཞི་ཁག་25335འདུམ་འགྲིག་བྱས་པ་དང་། ཁྲིམས་འཛིན་གཏན་འཁེལ་གྱོད་གཞི་ཁག་5456ཐག་གཅོད་བྱས་པ། འདུམ་འགྲིག་ཡི་གེ་3099བཏོན་པ། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཆེད་ལས་འདུམ་འགྲིག་བཅས་རྩ་འཛུགས་དང་མཉམ་དུ་རྩོད་གཞི་ཁག་18137གྲུབ་འབྲས་ཐོབ་པའི་ངང་འདུམ་འགྲིག་བྱས་ཡོད་པ་རེད།
སྙན་སྒྲོན་ནང་བསྟན་དོན།
2024ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་གཞི་ཁྲི་10ལས་ཐེངས་དང་པོ་བརྒལ་བ་དང་། བདག་སྤྲོད་བྱས་པའི་གྱོད་གཞི་106575ཟིན་པ་དེ་དུས་མཚུངས་ལས་15.88%འཕར་བ་དང་། འདྲི་གཅོད་དུས་བཀག་ནང་གྱོད་ཐག་གཅོད་ཚད99.8%ཟིན་ཡོད།
ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་1243བདག་སྤྲོད་བྱས་པས། ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།
2024ལོར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ“ལས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ་ཐུབ་པར་བྱེད་པའི”བླང་བྱ་རང་འགུལ་ངང་དོན་འཁྱོལ་བྱས་པ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས《ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་དམིགས་ཚད་མ་ལག་དང་བཀོལ་སྤྱོད་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》བཟོས་པ་མ་ཟད། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“དམངས་གཉེར་ཁེ་ལས་ཀྱི་བཅའ་ཁྲིམས་སློབ་ཁང་ཆེ་མོ”ཐེངས་2གཉེར་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཁྲོད་ཀྱི་རྒྱུན་མཐོང་གི་བཅའ་ཁྲིམས་ཉེན་ཁ་141གསེད་བཀྲོལ་བྱས་པ། 《ཁེ་ལས་ཀྱི་བཅའ་ཁྲིམས་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན》1000ལྷག་ཙམ་བཟོས་ནས་འགྲེམས་སྤེལ་བྱས་པ་དང་ཆབས་ཅིག་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་སྡེ་ཚན་ལ་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཁྲིམས་འཛིན་གྲོས་འགོ་ཨང་དང་པོ་བཀྲམ་ཡོད། དེ་དང་ཆབས་ཅིག“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་19193འདྲི་གཅོད་བྱས་ནས་ཐག་བཅད་ཡོད། མ་རྩ་བརྡིབས་པའི་ཁེ་ལས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་པར་སྐུལ་འདེད་བཏང་བ་དང་མ་རྩ་བརྡིབས་པའི་རིགས་ཀྱི་གྱོད་གཞི་ཁག་49འདྲི་གཅོད་བྱས་ནས་ཐག་བཅད་དེ་ཁྲོམ་རའི་ཐོན་ཁུངས་བགོ་སྒྲིག་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་ཡོད་པ་རེད།
2024ལོར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་འཚོའི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གསོ་དང་། རྒན་གསོ། སྡོད་ཁང་། ངལ་རྩོལ་ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་13734ཁྲིམས་ལྟར་ཞིབ་གཅོད་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སའི་དོན་དག་ཐག་གཅོད་ཤུགས་ཆེན་བྱས་པ་རེད། ཞིང་པ་ལས་མི་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་གཅིག་འཐུས་རྣམ་པའི་གཏུག་བཤེར་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ངལ་རྩོལ་གླ་ཆ་འདེད་ལེན་གྱི་གྱོད་གཞི་ཁག་267འདྲི་གཅོད་བྱེད་མཇུག་སྒྲིལ་ནས་གླ་ཆ་སྒོར་ཁྲི་647.6ལེན་རོགས་བྱས་པ་རེད། བསམ་བློ་དང་བརྩེ་སེམས་ལ་བརྟེན་ནས“རྒན་གཅིག་གཞོན་གཅིག”སྲུང་སྐྱོང་ཡག་པོ་བྱས་ཏེ་བཀུར་བསྟི་དང་གསོ་སྐྱོང་རིགས་ཀྱི་གྱོད་གཞི་ཁག་399འདྲི་གཅོད་བྱས་ཡོད། ན་སོ་དར་ལ་མ་བབས་པའི་མིར་ཕན་ཐོགས་ཤོས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་ལུས་ཁམས་བདེ་ཐང་སྲུང་སྐྱོང་བཀའ་རྒྱ་ཁྱོན་14བཏང་བ་དང་། གསེར་རྙེད་ཁྲིམས་ཁང་གིས་ལྗོངས་ཡོངས་ཀྱི“ན་སོ་དར་ལ་མ་བབས་པའི་མིར་གཅེས་སྐྱོང་བྱེད་པའི་དྲན་སྐུལ་བྱང་བུ”ཐོག་མ་དེ་སྤྲད་པ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་ཁག་490བསྒྲུབས་ནས་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་835.49སྤྲད་པ་དེ་དུས་མཚུངས་ལས་15.23%འཕར་བ་དང་། སྐྱོབ་དགོས་རིགས་སྐྱོབ་ནས་ཁྲིམས་འཛིན་གྱི་ཐུགས་ཁུར་མངོན་པར་བྱས་ཡོད།
དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་མཐའ་མཇུག་གི་གྱོད་གཞི་གཙང་བཤེར་དང་། མཐའ་མཇུག་གི་གྱོད་གཞིའི་དཀའ་གནད་ཐག་གཅོད། ཉེས་དོན་གོ་ཆོད་འདྲི་གཅོད་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་རང་བཞིན་གྱི་ཁྲིམས་གཅོད་རྣམ་གྲངས་ལག་བསྟར་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས། ལག་བསྟར་སྣོན་མ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་བ་དང་བཀག་སྡོམ་དང་། བཀག་བཅད། བཀག་ཉར་སོགས་བཙན་ཤེད་བྱེད་ཐབས་འཚམ་པོ་སྤྱད་དེ་དཔེ་མཚོན་གྱོད་གཞི་ཁག་1གི་གྱོད་གཞི་10ཁྱབ་བསྒྲགས་བྱས་པ་དང་། གྱོད་གཞི་33234ལག་བསྟར་བྱེད་མཇུག་སྒྲིལ་བ། དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་41.33ཟིན་པ་བཅས་རེད། རྐང་བཙུགས་ནས་ལག་བསྟར་ལ་འགོག་རྒོལ་དང་ལག་བསྟར་ལ་གཡོལ་བའི་བྱ་སྤྱོད་སྤེལ་མཁན་ལ་རྡུང་རྡེག་ནན་པོ་བཏང་བ་དང་། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མི་ཐེངས་6368ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ། མི་ཐེངས་10075ལ་འཛད་སྤྱོད་མཐོ་བའི་ཚོད་འཛིན་བཟོས་པ། མི་233ཁྲིམས་འཛིན་བཀག་ཉར་བྱས་པ། ལག་བསྟར་དང་ལེན་མི་བྱེད་པའི་ཉེས་གསོག་གྱོད་གཞི་6ལ་ཁྲིམས་ཐག་བཅད་པ་དང་། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་ཡིད་རྟོན་སླར་གསོའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཡིད་རྟོན་ཤོར་བའི་མི་ཐེངས་3728ཀྱི་མིང་ཐོ་བཀག་སྡོམ་བྱས་པ། མི་ཐེངས་4196ལ་འཛད་སྤྱོད་མཐོ་བའི་ཚོད་འཛིན་མེད་པ་བཟོས་ཏེ། ཡིད་རྟོན་སླར་གསོའི་དཔང་ཡིག་58སྤྲད་ནས་ཡིད་རྟོན་ཤོར་མཁན་ལ་གོ་སྐབས་སྤྲད་ཡོད་པ་རེད།
2025ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་གྱི་ལོ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཐེངས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར“ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་ཧུར་ཐག་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས། འདྲི་གཅོད་ལག་བསྟར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་དང་། འགན་འཁུར་གྱི་འགན་འཁྲི། ཁྲིམས་སྐྱོང་གི་འགན་འཁྲི། སྒྱུར་བཅོས་ཀྱི་འགན་འཁྲི། དུས་རབས་ཀྱི་འགན་འཁྲི་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་དེ་བས་ནུས་ལྡན་གྱི་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་རེད།