དངུལ་བུན་གན་རྒྱའི་ཁྲོད་སྐྱེད་ཀ་ཇི་ལྟར་སྤྲོད་དགོས་སམ།
དོན་ཚན་དྲུག་བརྒྱ་དང་བདུན་ཅུ་པ། དངུལ་བུན་གྱི་སྐྱེད་ཀ་ནི་སྔོན་ཚུད་ནས་མ་དངུལ་ལས་གཅོག་འཐེན་བྱས་མི་ཆོག སྐྱེད་ཀ་སྔོན་ཚུད་ནས་མ་དངུལ་ལས་གཅོག་འཐེན་བྱས་ན། དངུལ་བུན་གྱི་གྲངས་འབོར་དངོས་ལ་གཞིར་བཞག་ཕྱིར་སློག་བྱེད་དགོས་པ་མ་ཟད་སྐྱེད་ཀའང་རྩིས་རྒྱག་དགོས།
དོན་ཚན་དྲུག་བརྒྱ་དང་བརྒྱད་ཅུ་པ། སྐྱེད་ཆེའི་དངུལ་བུན་གཏོང་བ་གཏན་འགོག་བྱེད་དགོས་ཤིང་། དངུལ་བུན་གྱི་སྐྱེད་ཚད་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག
དངུལ་བུན་གྱི་གན་རྒྱའི་ནང་སྐྱེད་ཀ་སྤྲོད་པའི་སྐོར་ལ་གྲོས་དན་བཞག་མེད་ན། སྐྱེད་ཀ་མེད་པར་བརྩི་དགོས།
ཁྲིམས་ལུགས་འཆད་སྟེགས།
གན་རྒྱའི་འདྲ་མཉམ་གྱི་རྩ་དོན་མངོན་ཆེད། དངུལ་བུན་གཏོང་མིས་ལེགས་ཆའི་གནས་བབ་སྤྱད་དེ་འདྲ་མཉམ་མིན་པའི་གན་རྒྱའི་ནང་དོན་གཏན་འཁེལ་བྱེད་པར་སྔོན་འགོག་བྱ་ཆེད། དངུལ་བུན་གཏོང་མིས་དངུལ་བུན་མཁོ་འདོན་བྱེད་སྐབས་སྐྱེད་ཀ་སྔོན་ཚུད་ནས་མ་དངུལ་ལས་གཅོག་འཐེན་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད། གལ་ཏེ་དངུལ་བུན་གཏོང་མིས་ཁྲིམས་ལུགས་གཏན་འབེབས་ལས་འགལ་ཏེ། དངུལ་བུན་མཁོ་འདོན་བྱེད་སྐབས་སྐྱེད་ཀ་དེ་མ་དངུལ་ལས་གཅོག་འཕྲི་བྱས་ཚེ། དངུལ་བུན་ལེན་མིས་དོན་དངོས་ཀྱི དངུལ་བུན་གྲངས་འབོར་གཞིར་བཟུང་དངུལ་བུན་སྤྲོད་པ་དང་སྐྱེད་ཀ་རྩིས་བརྒྱབ་ན་འགྲིག
དངུལ་བུན་གྱི་གྲངས་འབོར་དང་སྐྱེད་ཀ་ནི་དངུལ་བུན་གན་རྒྱའི་ནང་དོན་གཙོ་བོ་ཡིན། དངུལ་བུན་གན་རྒྱའི་ནང་སྐྱེད་ཀ་སྤྲོད་རྒྱུར་གྲོས་དན་བྱས་མེད་རིགས་ཚང་མ་སྐྱེད་ཀ་མེད་པར་བརྩི་དགོས། དངུལ་བུན་གན་རྒྱའི་ནང་སྐྱེད་ཀ་སྤྲོད་རྒྱུར་གྲོས་དན་ཁ་གསལ་བྱས་མེད་ཚེ། དོ་བདག་གིས་ཁ་གསབ་གན་རྒྱ་བཞག་ཆོག་པ་དང་། ཁ་གསབ་གན་རྒྱ་འཇོག་མ་ཐུབ་ཚེ། ས་གནས་དེ་གའམ་དོ་བདག་གི་བརྗེ་རེས་རྣམ་པ་དང་། བརྗེ་རེས་གོམས་གཤིས། ཁྲོམ་རའི་སྐྱེད་ཀ་སོགས་པའི་རྒྱུ་རྐྱེན་གཞིར་བཟུང་སྐྱེད་ཀ་གཏན་འཁེལ་བྱས་ཆོག རང་བྱུང་མིའི་དབར་གྱི་དངུལ་བུན་ལ་སྐྱེད་ཀའི་ཐད་གྲོས་དན་ཁ་གསལ་བྱུང་མེད་པ་རྣམས་སྐྱེད་ཀ་མེད་པར་བརྩི་དགོས། གཞན་ཡང་ཁྲིམས་ལུགས་ཀྱིས་སྐྱེད་ཆེའི་བུ་ལོན་གཏན་འགོག་བྱས་ཡོད་པ་དང་། དངུལ་བུན་གྱི་སྐྱེད་ཀ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་མི་ཆོག
མི་གཞན་གྱི་བུ་ལོན་ལ་ཁག་ཐེག་བྱས་རིགས་ལ། ཁག་ཐེག་
འགན་འཁྲི་ཇི་ལྟར་འཁུར་དགོས་སམ།
དོན་ཚན་དྲུག་བརྒྱ་དང་གྱ་དྲུག་པ། ཁག་ཐེག་བྱེད་སྟངས་ལ་སྤྱིར་བཏང་གི་ཁག་ཐེག་དང་ཞོར་འདྲུད་འགན་འཁྲིའི་ཁག་ཐེག་ཡོད་པ་ཡིན།
དོ་བདག་བར་ཁག་ཐེག་གི་གན་རྒྱའི་ནང་དུ་ཁག་ཐེག་བྱེད་སྟངས་གྲོས་དན་བཞག་མེད་པའམ་གྲོས་དན་གསལ་ངེས་མིན་ན། སྤྱིར་བཏང་གི་ཁག་ཐེག་ལྟར་ཁག་ཐེག་འགན་འཁྲི་འཁུར་དགོས།
དོན་ཚན་དྲུག་བརྒྱ་དང་གྱ་བདུན་པའི་ནང་གསེས་དང་པོ། དོ་བདག་བར་ཁག་ཐེག་གི་གན་རྒྱའི་ནང་དུ། བུན་འགན་འཁུར་མིས་བུན་འགན་སྒྲུབ་མི་ཐུབ་ཚེ། ཁག་ཐེག་བྱེད་མིས་ཁག་ཐེག་འགན་འཁྲི་འཁུར་དགོས་པའི་གྲོས་དན་བཞག་ཡོད་པ་ནི། སྤྱིར་བཏང་གི་ཁག་ཐེག་ཡིན།
ཁྲིམས་ལུགས་འཆད་སྟེགས།
《ཁག་ཐེག་གི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དགུ་པའི་གཏན་འབེབས་ལྟར་ན། དོ་བདག་གིས་ཁག་ཐེག་བྱེད་སྟངས་ལ་གྲོས་དན་བཞག་མེད་པའམ་ཡང་ན་གྲོས་དན་ཁ་གསལ་མེད་ཚེ། ཞོར་འདྲུད་འགན་འཁྲིའི་ཁག་ཐེག་གཞིར་བཟུང་ཁག་ཐེག་འགན་འཁྲི་འཁུར་དགོས། གཏན་འབེབས་དེས་ཁག་ཐེག་པའི་འགན་འཁྲི་ལྕི་རུ་བཏང་ཡོད་ཅིང་། ལག་ལེན་ཁྲོད་ཕན་ཚུན་ཁག་ཐེག་གམ་གཅིག་ཁག་གཅིག་ཁུར་བྱས་པ་ལས་བྱུང་བའི་མ་དངུལ་གྱིས་བུ་ལོན་འཇལ་མི་ཐུབ་པའམ་མ་རྩ་སྟོངས་པའི་སྣང་ཚུལ་མང་པོ་ཐོན་པ་དེས་རྒྱུན་གཏན་གྱི་འཚོ་བ་དང་གཉེར་སྐྱོང་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་ཡོད། དེའི་དབང་གིས《དམངས་དོན་ཁྲིམས་གཞུང》གིས་ཁག་ཐེག་རྣམ་པའི་གཏན་འཁེལ་ལམ་སྲོལ་ལ་བཟོ་བཅོས་བརྒྱབ་པ་དང་། དོ་བདག་གིས་ཁག་ཐེག་བྱེད་སྟངས་ལ་གྲོས་དན་བྱས་མེད་པའམ་ཡང་ན་གྲོས་དན་ཁ་གསལ་བྱུང་མེད་རིགས་སྤྱིར་བཏང་གི་ཁག་ཐེག་ལ་ངོས་བཟུང་ཆོག
སྡེ་ཁུལ་གྱི་གཞིས་ལས་ཞབས་ཞུའི་མི་སྣར་འོས་འགན་གང་དག་ཡོད་དམ།
དོན་ཚན་དགུ་བརྒྱ་དང་ཞེ་གཉིས་པ། གཞིས་ལས་ཞབས་ཞུ་སྒྲུབ་མིས་གྲོས་དན་དང་གཞིས་ལས་ཀྱི་བཀོལ་སྤྱོད་ངོ་བོ་ལྟར། གཞིས་ལས་ཞབས་ཞུའི་ས་ཁོངས་ཀྱི་གཞིས་བདག་གི་སྤྱི་དབང་ཆ་ཤས་ཞིག་གསོ་དང་། བདག་སྐྱོང་། ཕྱི་བརྡར། ལྗང་སྒྱུར། གཉེར་སྐྱོང་དོ་དམ་བཅས་འཐུས་པོ་བྱེད་དགོས་པ་དང་། གཞིས་ལས་ཞབས་ཞུའི་ས་ཁོངས་ཀྱི་གཞི་རྩའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་ཤིང་། ལུགས་མཐུན་གྱི་བྱེད་ཐབས་སྤྱད་དེ་གཞིས་བདག་གི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།
ཁྲིམས་ལུགས་འཆད་སྟེགས།
གཞིས་ལས་ཞབས་ཞུའི་མི་སྣར་གཤམ་གསལ་གྱི་འགན་འཁྲི་ཡོད་དེ། (1)དངོས་ལས། ཞབས་ཞུའི་མངགས་བཅོལ་ལས་བྱུང་བའི་འབྲེལ་ཡོད་འོས་འགན། (2)ཞིག་གསོ་བདག་སྐྱོང་འོས་འགན་དེ་ནི་གྲོས་དན་དང་གཞིས་ལས་ཀྱི་བཀོལ་སྤྱོད་ངོ་བོ་གཞིར་བཟུང་། གཞིས་ལས་ཞབས་ཞུའི་ས་ཁོངས་ཀྱི་གཞིས་བདག་གི་སྤྱི་དབང་ཆ་ཤས་ཞིག་གསོ་དང་། བདག་སྐྱོང་། ཕྱི་བརྡར། ལྗང་སྒྱུར། གཉེར་སྐྱོང་དོ་དམ་བཅས་འཐུས་པོ་བྱེད་དགོས་པ་དང་། གཞིས་ལས་ཞབས་ཞུའི་ས་ཁོངས་ཀྱི་གཞི་རྩའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་ཤིང་། ལུགས་མཐུན་གྱི་བྱེད་ཐབས་སྤྱད་དེ་གཞིས་བདག་གི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས། (3)དོ་དམ་གྱི་འོས་འགན། གཞིས་ལས་ཞབས་ཞུའི་ས་ཁོངས་ཀྱི་བདེ་སྐྱོང་དང་། ཁོར་ཡུག་སྲུང་སྐྱོབ། མེ་འགོག་མེ་གསོད་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་ལ་དུས་ཐོག་ཏུ་ལུགས་མཐུན་བྱ་ཐབས་སྤྱད་དེ་བཀག་འགོག་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས་པ་དང་འབྲེལ་ཐག་གཅོད་བྱེད་པར་གཞོགས་འདེགས་བྱེད་དགོས། (4)དུས་ཐོག་ཏུ་སྙང་སེང་ཞུ་བའི་འོས་འགན། (5)བརྡ་སྦྱོར་གཏོང་བའི་འོས་འགན། (6)སྤྲོད་ལེན་ཞབས་ཞུ། (7)མུ་མཐུད་དོ་དམ་བྱེད་པའི་འོས་འགན་སོགས་ཡིན། དེ་དང་བསྟུན་ནས་གཞིས་བདག་གིས་ཀྱང་གྲོས་དན་ལྟར་གཞིས་ལས་ཞབས་ཞུའི་མི་སྣར་གཞིས་ལས་གླ་ཆ་སྤྲོད་དགོས།