འགྱུར་རྟེན་དང་ཆིངས་འགལ་དངུལ་ཆད་ལ་དབྱེ་འབྱེད་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་སམ།
དོན་ཚན་ལྔ་བརྒྱ་དང་གྱ་བརྒྱད་པ། དོ་བདག་བར་ཆིངས་འགལ་དངུལ་ཆད་སྐོར་གྱི་གྲོས་དན་བཞག་ཡོད་པ་དང་། འགྱུར་རྟེན་སྐོར་གྱི་གྲོས་དན་ཡང་བཞག་ཡོད་ན། ཕྱོགས་གཅིག་གིས་ཆིངས་འགལ་བྱས་ཚེ། གཅིག་ཤོས་ཀྱིས་ཆིངས་འགལ་དངུལ་ཆད་དམ་འགྱུར་རྟེན་གྱི་དོན་ཚན་གང་སྤྱོད་གདམ་གསེས་བྱས་ཆོག
འགྱུར་རྟེན་གྱིས་ཕྱོགས་གཅིག་གིས་ཆིངས་འགལ་བྱས་ཏེ་བཟོས་པའི་གྱོང་གུན་མ་གསབ་ཚེ། གཅིག་ཤོས་ཀྱིས་འགྱུར་རྟེན་གྱི་གྲངས་འབོར་ལས་བརྒལ་བའི་གྱོང་གུན་སྐྱིན་གསབ་བྱེད་དགོས་པའི་རེ་འདུན་འདོན་ཆོག
ཁྲིམས་ལུགས་འཆད་སྟེགས།
དོ་བདག་དབར་ཕྱོགས་གཅིག་གིས་ཕྱོགས་གཞན་དེར་འགྱུར་རྟེན་སྤྲད་དེ་ཁག་འགན་འཁུར་ཆོག འགྱུར་རྟེན་གན་རྒྱ་དེ་འགྱུར་རྟེན་སྤྲོད་པའི་དུས་ནས་ནུས་པ་ཐོན་གྱི་ཡོད། འགྱུར་རྟེན་གྱི་དངུལ་གྲངས་དེ་དོ་བདག་གིས་གྲོས་དན་བྱས་ཆོག འོན་ཏེ་གན་རྒྱའི་དམིགས་རྫས་གྲངས་འབོར་གྱི་བརྒྱ་ཆ་ཉི་ཤུ་ལས་བརྒལ་མི་ཆོག་པ་དང་། བརྒལ་བའི་ཆ་དེར་འགྱུར་རྟེན་གྱི་ནུས་པ་ཐོན་གྱི་མེད། དངོས་སུ་སྤྲད་པའི་འགྱུར་རྟེན་དངུལ་གྲངས་དེ་གྲོས་དན་བྱས་པའི་གྲངས་འབོར་ལས་མང་བའམ་ཉུང་བ་ཡོད་ཚེ། གྲོས་དན་བྱས་པའི་འགྱུར་རྟེན་དངུལ་གྲངས་ལ་འགྱུར་བ་བྱུང་བར་ངོས་འཛིན་ཆོག
《དམངས་དོན་ཁྲིམས་གཞུང》ནང་གི་འབྱུང་འཕྲོད་རྩ་དོན་དེ་ཉོ་འཚོང་གན་རྒྱའི་ནང་ཇི་ལྟར་མཚོན་ཐབས་བྱེད་དགོས་སམ།
དོན་ཚན་ལྔ་བརྒྱ་དང་དགུ་པའི་ནང་གསེས་གསུམ་པ། དོ་བདག་གིས་གན་རྒྱ་ལག་བསྟར་བྱེད་རིང་ཐོན་ཁུངས་ཆུད་ཟོས་སུ་གཏོང་བ་དང་། ཁོར་ཡུག་ལ་སྦགས་བཙོག་བཟོ་བ། སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་བཅས་མི་ཡོང་བར་བྱེད་དགོས།
དོན་ཚན་དྲུག་བརྒྱ་དང་ཉེར་ལྔ་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་སམ་དོ་བདག་བར་གྱི་གྲོས་དན་ལྟར་ན། དམིགས་རྫས་དེ་རྩིས་འགྲོ་ཡོད་པའི་བེད་སྤྱོད་ལོ་ཚད་ལོངས་རྗེས་ཕྱིར་བསྡུ་བྱེད་དགོས་ཚེ། ཚོང་མི་ལ་རང་ཉིད་དམ་མི་གཞན་ལ་མངག་བཅོལ་གྱིས་དམིགས་རྫས་ཕྱིར་བསྡུ་བྱེད་པའི་འོས་འགན་ཡོད།
ཁྲིམས་ལུགས་འཆད་སྟེགས།
འབྱུང་འཕྲོད་རྩ་དོན་ནི《དམངས་དོན་ཁྲིམས་གཞུང》གི་གཞི་རྩའི་རྩ་དོན་གྲས་ཤིག་ཡིན། འབྱུང་འཕྲོད་རྩ་དོན་འོག་གན་རྒྱའི་དོ་བདག་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལ་དེ་བསྟུན་སྲུང་སྐྱོབ་ཀྱང་བྱེད་དགོས་ངེས་ཡིན། ཉོ་ཚོང་བརྗེ་རེས་ཁྲོད། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོ་བ་ཡིས་རིན་ཚབ་བྱེད་རྒྱུ་མེད་ལ། ཁོར་ཡུག་ལས་བྱུང་བའི་ཤུགས་རྐྱེན་མི་ལེགས་པར་ལྷོད་གཡེང་ཡང་གཏོང་རྒྱུ་མེད། 《དམངས་དོན་ཁྲིམས་གཞུང》ནང་ཕྱིར་འཚོང་མཁན་གྱི་ཕྱིར་བསྡུའི་འོས་འགན་གཏན་འབེབས་ཁ་གསལ་བྱས་ཡོད་ཅིང་། དེ་ལས་དུས་རབས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་། རང་རྒྱལ་གྱིས་དུས་ཡུན་རིང་པོའི་ནང་མི་དང་ཐོན་ཁུངས་སྐྱེ་ཁམས་དབར་གྱི་འགལ་ཟླ་ཐག་གཅོད་ལེགས་པོ་བྱེད་པའི་རྒྱལ་ཁབ་གནས་ཚུལ་དང་ཕན་ཚུན་འཚམ་པ་ཞིག་ཡིན།
སྦྱིན་པའི་གན་རྒྱ་དེ་རང་དགར་ཕྱིར་འཐེན་བྱས་ཆོག་གམ།
དོན་ཚན་དྲུག་བརྒྱ་དང་ང་བརྒྱད་པ། སྦྱིན་མིས་སྦྱིན་བྱའི་རྒྱུ་ནོར་གྱི་ཁེ་དབང་སྤོ་སྒྱུར་མ་བྱས་གོང་སྦྱིན་པ་ཕྱིར་འཐེན་བྱས་ཆོག
གཞུང་དཔང་བྱས་པའི་སྦྱིན་པའི་གན་རྒྱའམ་ཁྲིམས་ལྟར་ན་ཕྱིར་འཐེན་བྱས་མི་ཆོག་པའི་རྒུད་སྐྱོབ་དང་། དབུལ་སྐྱོར། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་དང་ཀུན་སྤྱོད་ཀྱི་འོས་འགན་གྱི་ངོ་བོ་ལྡན་པའི་སྦྱིན་པའི་གན་རྒྱ་ཡིན་ན། གོང་གསལ་ནང་ཚན་གྱི་གཏན་འབེབས་སྤྱད་ན་མི་འཐུས།
ཁྲིམས་ལུགས་འཆད་སྟེགས།
སྦྱིན་མིར་རང་དགར་ཕྱིར་འཐེན་བྱེད་དབང་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད། དེ་ཡང་སྦྱིན་པའི་གན་རྒྱ་དེ་གྲུབ་རྗེས། རྒྱུ་ནོར་སྦྱིན་མིའི་ཁེ་དབང་སྤོ་སྒྱུར་མ་བྱས་གོང་། སྦྱིན་མིས་རང་ཉིད་ཀྱི་འདོད་ཚུལ་གཞིར་བཟུང་སྦྱིན་པ་ཕྱིར་ལེན་པའི་བྱ་སྤྱོད་ཅིག་ཡིན། གཞུང་དཔང་བྱས་ཟིན་པའི་སྦྱིན་པའི་གན་རྒྱའམ་ཡང་ན་ཁྲིམས་ལྟར་ཕྱིར་འཐེན་བྱས་མི་ཆོག་པའི་རྒུད་སྐྱོབ་དང་། དབུལ་སྐྱོར། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སྤྱི་ཕན་དང་ཀུན་སྤྱོད་ཀྱི་འོས་འགན་གྱི་ངོ་བོ་ལྡན་པའི་སྦྱིན་པའི་གན་རྒྱ་ཡིན་ན། དོ་བདག་གིས་གན་རྒྱ་དེ་རྣམ་པ་ཇི་ལྟ་བུའི་ཐོག་ནས་བཞག་པ་དང་། སྦྱིན་པའི་རྒྱུ་ནོར་གྱི་ཁེ་དབང་སྤོ་སྒྱུར་བྱས་མིན་ཇི་འདྲ་ཡིན་རུང་། སྦྱིན་མིས་གང་བྱུང་དུ་ཕྱིར་འཐེན་བྱས་མི་ཆོག གལ་ཏེ་སྦྱིན་མིས་སྦྱིན་བྱའི་རྒྱུ་ནོར་རྩིས་སྤྲོད་ཕྱིར་འགྱངས་བྱེད་པའམ་རྩིས་སྤྲོད་མ་བྱས་ཚེ། ཆད་འགལ་འགན་འཁྲི་འཁུར་དགོས་པ་དང་། སྦྱིན་ཡུལ་གྱིས་སྦྱིན་མི་ལ་རྩིས་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཆོག
དངུལ་བུན་གཡར་རྒྱུ་ཁས་བླངས་རུང་བློ་འགྱོད་སྐྱེས་ཚེ་
དངུལ་བུན་མ་གཡར་ན་འགྲིག་གམ།
དོན་ཚན་དྲུག་བརྒྱ་དང་དོན་དགུ་པ། རང་བྱུང་མིའི་བར་གྱི་དངུལ་བུན་གྱི་གན་རྒྱ་ནི་དངུལ་བུན་གཏོང་མིས་དངུལ་བུན་འདོན་སྤྲོད་བྱེད་དུས་ནས་གྲུབ་པ་ཡིན།
ཁྲིམས་ལུགས་འཆད་སྟེགས།
རང་བྱུང་མིའི་དབར་གྱི་དངུལ་བུན་གན་རྒྱ་ནི་ལག་བསྟར་གན་རྒྱ་ཞིག་ཡིན་ཞིང་། དེ་ཡང་རང་བྱུང་མིའི་དབར་གྱི་དངུལ་བུན་དེ་དངུལ་བུན་གཏོང་མིས་དངུལ་བུན་ལེན་མི་ལ་དངུལ་བུན་སྤྲོད་སྐབས་གན་རྒྱ་གཞི་ནས་གྲུབ་ཀྱི་ཡོད། དེས་ན་རང་བྱུང་མིའི་དབར་གྱི་དངུན་བུན་ཐད་དངུལ་བུན་གཏོང་མི་ལ་གྲོས་དན་བྱས་པའི་དུས་ཚོད་དང་། དངུལ་གྲངས་གཞིར་བཟུང་དངུལ་བུན་ལེན་མི་ལ་དངུལ་བུན་མཁོ་སྤྲོད་བྱེད་དགོས་པའི་འོས་འགན་མེད། དངུལ་བུན་གན་རྒྱ་གྲུབ་པའི་རྗེས། དངུལ་བུན་གཏོང་མི་དང་དངུལ་བུན་ལེན་མི་གཉིས་ཀས་གྲོས་དན་གཞིར་བཟུང་གན་རྒྱ་ལག་ལེན་བསྟར་དགོས།