འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གོ་འཇོ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུས་རྫོང་མི་དམངས་ཁྲིམས་ཁང་དང་རྫོང་མི་དམངས་སྨན་ཁང་གི་ལས་དོན་པ་དང་མཉམ་དུ་རྫོང་སློབ་འབྲིང་གི་སློབ་འབྲིང་150ལྷག་ཙམ་ལ“བཅའ་ཁྲིམས་དང་མཉམ་དུ་འགྲོགས། བྱིས་པ་བུ་མོར་གཅེས་སེམས་འཆང་། འཚར་ལོངས་ལ་སྲུང་སྐྱོབ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིཌ་ཡུལ་ནི་ན་སོ་དར་ལ་མ་བབས་པའི་བུ་མོའི་ཁྲིམས་སྐྱོང་གི་འདུ་ཤེས་དང་བདེ་འཇགས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། ལང་ཚོ་དར་ལ་བབས་པའི་བུ་མོའི་ལུས་སེམས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་དང་རང་ངོས་འགོག་སྲུང་གི་འདུ་ཤེས་དང་འཇོན་ཐང་ཆེ་རུ་བཏང་ཡོད། བྱེད་སྒོ་སྤེལ་རིང་། མང་ཚོཌ་ཚོགས་པའི་ལས་དོན་པུའི་འགན་འཁུར་བས། ལོ་ཆུང་བྱིས་པ་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན་པའི་གལ་འགངས་ཆེ་ལུཌ་བརྗོད་ལ། སློབ་གྲོགས་ཚོ་ཉེན་ཚབས་ཆེ་བའི་མི་ཚོགས་དང་བྱེད་སྒོ་སྤེལ་ཡུལ་དུ་མི་སྐྱོད་པ་དང་། གཞན་གྱི་མགོ་སྐོར་འོག་མི་ཚུད་པ་བྱེད་པ། སློབ་སྦྱོང་ནན་ཏན་བཅས་བྱས་ཏེ་འཚོ་བ་དང་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་དགོས་པའི་སྐུལ་ལྕག་བཏང་བ་མ་ཟད། གལ་སྲིད་བཙན་གཡེམ་བྱས་ཚེ་སློབ་གྲོགས་ཚོས་བཅའ་ཁྲིམས་ཀྱི་ལག་ཆ་ཡང་དག་སྤྱད་ནས་ཕ་མ་དང་། དགེ་རྒན། བུད་མེད་རྩ་འཛུགས་བཅས་ཀྱི་རོགས་རམ་ཐོབ་པར་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།
རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་སློབ་གྲོགས་ཚོར་ནང་དོན་ཕུན་སུམ་ཚོགས་པའི་ཁྲིམས་ལུགས་ཤེས་བྱ་འཆད་ཁྲིད་བྱས་ཤིང་། ལས་དོན་པས་གསོན་ཉམས་དོད་པའི་གྱོད་དཔེ་དྲངས་ཏེ་ཁྲིམས་ལུགས་ཀྱི་ཤེས་བྱར་དོན་ཟབ་གོ་སླའི་ཐོག་ནས་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ཚང་མར་རྟག་ཏུ་བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་རང་ཉིད་ལ་སྲུང་སྐྱོང་གིས་བརྙས་བཅོས་འགོག་དགོས་པའི་དྲན་སྐུལ་བྱས་པ་རེད།
དྲིལ་བསྒྲགས་མཇུག་འགྲིལ་རྗེས། རྫོང་མང་ཚོགས་ཚོགས་པའི་ལས་དོན་པུས་སློབ་གྲོགས་ཚོར་ཁྱོན་སྒོར་10340རི་བའི་སྨྱུག་སྒམ་དང་། ཟིན་བྲིས་དེབ། སྨྱུ་གུ་བཅས་ཀྱི་སློབ་ཆས་དང་། དེ་བཞིན《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས》 《བཙན་གཡེམ་སྔོན་འགོག》སོགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ལག་དེབ་300ལྷག་ཙམ་སྤྲད་པ་རེད།
སློབ་མ་ཚོས་གཅེས་སེམས་མཚོན་པའི་ལག་རྟགས་དེ་དག་ནས་སྤྱི་ཚོགས་ཀྱི་གཅེས་སེམས་ཚོར་བ་མ་ཟད། ད་དུང་ཁྲིམས་ལུགས་ཀྱི་ཤེས་བྱར་རྒྱུས་མངའ་སྔར་ལས་མང་བ་བྱུང་བ་རེད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)