《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月07日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

སྲིད་འཛིན་བསྐྱར་གྲོས་ལ་བརྟེན་ནས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

↑འདི་ནི་བྱེད་སྒོར་ཞུགས་མཁན་གྱིས་རང་སྐྱོང་ལྗོངས་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་དུ་ལྟ་སྐོར་བྱེད་བཞིན་པ། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྲིད་འཛིན་བསྐྱར་གྲོས་ལ་བརྟེན་ནས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་སྲིད་འཛིན་བསྐྱར་གྲོས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་འགྲེལ་བཤད་པས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་སྒྲིག་གཞི་སྒྱུར་བཅོས་དམིགས་སར་བྱས་ཏེ། ལྟ་སྐོར་བར་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་དང་། སྣེ་ལེན་ཁང་། འདུམ་འགྲིག་ཁང་། འདྲི་ཞིབ་ཁང(དཔང་ཉན་ཁང)བཅས་དང་དེ་བཞིན་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དྲིལ་བསྒྲཌ་འགྲེམས་པང་རིམ་པ་བཞིན་ངོ་སྤྲོད་བྱས་པ་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་སྒྲུབ་གཉེར་བརྒྱུད་རིམ་དང་འབྲེལ་ཡོད་ལས་ཀའི་ལམ་ལུགས་ལ་འགྲེལ་བཤད་བརྒྱབ་པ། སྲིད་འཛིན་བསྐྱར་གྲོས་ཀྱི་འགུལ་རིས་བརྙན་ཐུང་བསྟན་པ་དང་འབྲེལ་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་ས་གནས་ས་ཐོག་གི་ལན་འདེབས་བྱེད་སྒོ་སྤེལ་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་སྒྲིག་གཞིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཁྱོན་72ཞིབ་གཅོད་མཇུག་སྒྲིལ་བྱས་ནས། ཁེ་ལས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1560ལྷག་ཙམ་མི་ཕོག་པར་བྱས་ཏེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་གཞུང་དྲང་དང་། ཤེས་དཔལ། ཚད་ལྡན། ནན་པོ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།