འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞིང་འབྲོག་ལས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱུད་སྤེལ་འཚོ་གནས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་རྨང་གཞི་རེད། དེར་བརྟེན་ས་རྒྱུའི་གནས་ཚུལ་གསལ་རྟོགས་ཐུབ་རྒྱུ་དེས་དུས་རབས་གསར་པའི་བོད་རང་སྐྱོང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་ཐུབ་རྒྱུ་རེད། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པའི(གཤམ་དུ་ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པ་ཞེས་བསྡུ་རྒྱུ)ལས་དོན་ཕྱོགས་ཡོངས་ནས་སྤེལ་ཚུན། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་འབྲེལ་ཡོད་བླང་བྱ་གཞིར་བཟུང་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པའི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ་བརྟག་དཔྱད་དང་དཔེ་ལེན་ལས་དོན་ནང་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་ཞུགས་ནས་ནུས་ཤུགས་ཡོད་རྒུས་ས་ངོས་བརྟག་དཔྱད་དང་དཔེ་ལེན་གྱི་ལས་འགན་དུས་ཐོག་དང་སྤུས་ཚད་མཐོ་པོས་ལེགས་གྲུབ་བྱས་ནས། དུས་མཇུག་གི་གྲུབ་འབྲས་ཕྱོགས་བསྡུས་ལས་དོན་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
2022ལོའི་ལོ་འགོར། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས“སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི”ལས་འགན་ཧུར་ཐག་སྒྲུབ་པ་དང་། ཆུ་ཤུར་རྫོང་དེ་ཉིད་ས་ཚིགས་དང་པོ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཚོད་ལྟའི་རྫོང་འབའ་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཚོད་ལྟའི་ལས་དོན་ཁག་ལེགས་གྲུབ་བྱས་པ་མ་ཟད། ད་དུང་རྫོང་དེར་རྒྱལ་ཡོངས་གྱི“ཕུལ་བྱུང་ཚོད་ལྟའི་རྫོང”གི་མཚན་སྙན་ཡང་ཐོབ་ཅིང་། དུས་དེ་ནས་བཟུང་བོད་ཀྱི“ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པའི”ལས་དོན་དངོས་སུ་སྤེལ་འགོ་ཚུཌ་པ་རེད།
ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ཚེ་རིང་གིས། ཆུ་ཤུར་རྫོང་གི་ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པའི་ཚོད་ལྟའི་ལས་དོན་ལེགས་གྲུབ་བྱུང་བ་དེས“ཟུང་འབྲེལ་དྲུག”དང“གཅིག་གྱུར་དྲུག”གི་ཡོངས་བཤེར་ལག་རྩལ་གྱི་ལམ་ཕྱོགས་དང་བྱ་ཐབས་བོད་དུ་སྤྱོད་གོ་ཆོད་པ་དང་སྤྱོད་རུང་བ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་བརྗོད།
ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་དང་། ལས་ཀའི་ཁྲོད་གདོད་མའི་གྲངས་གཞི་ཕུན་སུམ་ཚོགས་པོ་བསགས་ཡོད་པ་དང་ཞིབ་ཕྲ་གནད་འཁེལ་གྱི་གྲངས་གཞི་དེ་དག་གིས་གོམ་སྟབས་རྗེས་མར་ས་རྒྱུའི་ཞིང་ལས་ཀྱི་འཕྲོད་འཚམ་རང་བཞིན་གྱི་གདེང་འཇོག་དང་། རྨོ་ཞིང་གི་སྤུས་ཚད་རིམ་པའི་གདེང་འཇོག ཡུལ་ཟོག་འཕྲོད་འཚམ་རང་བཞིན་གྱི་གདེང་འཇོག་སོགས་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ་ངེས་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ས་རྒྱུའི་མ་དཔེ་ཚང་མ་དུས་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱི་ས་རྒྱུ་ཡོངས་བཤེར་བྱེད་ཐེངས་གསུམ་པའི་ཐོན་ཁུངས་མཛོད་དུ་བཅུག་ནས་ཡུན་རིང་ཉར་ཚགས་བྱས་ཡོད།
(པ་ཕན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་ཞུས)