ཁང་པ་ཉོ་སྐབས་གསར་སྤེལ་ཚོང་པའི་དྲིལ་བསྒྲགས་བརྡ་ཁྱབ་ཀྱི་ནང་དོན་ཁས་ལེན་བྱས་རིགས་མ་བསྟར་ཚེ། ཆིངས་འགོ་ལས་འགལ་བ་ཡིན་ནམ།
དོན་ཚན་བཞི་བརྒྱ་དང་དོན་གསུམ་པ། ཆིངས་འགོའི་གདན་ཞུ་ཞེས་པ་ནི་མི་གཞན་གྱིས་རང་ཉིད་ལ་ཆིངས་འགོ་འདོན་རེ་ཡོད་པའི་འདོད་བློ་སྟོན་པ་དེ་ཡིན། ཧབ་འཚོང་སྤྱི་བསྒྲགས་དང་། དམིགས་འགུག་སྤྱི་བསྒྲགས། རྐང་འགུག་གསལ་བཤད། བུན་འཛིན་བསྡུ་རུབ་བྱེད་ཐབས། ཐེབས་རྩ་བསྡུ་འགུག་གསལ་བཤད། ཚོང་ལས་ཀྱི་བརྡ་ཁྱབ་དང་དྲིལ་བསྒྲགས། བསྐུར་སྐྱེལ་བྱེད་པའི་རིན་གོང་རེའུ་མིག་སོགས་ནི་ཆིངས་འགོའི་གདན་ཞུ་ཡིན། ཚོང་ལས་ཀྱི་བརྡ་ཁྱབ་དང་དྲིལ་བསྒྲགས་ཀྱི་ནང་དོན་དེ་ཆིངས་འགོ་འདོན་ པའི་ཆ་རྐྱེན་དང་མཐུན་པ་ཡིན་ན་ཆིངས་འགོ་གྲུབ་པ་ཡིན།
ཁྲིམས་ལུགས་འཆད་སྟེགས།
ཆིངས་འགོ་ནི་མི་གཞན་དང་གན་རྒྱ་འཇོག་པའི་འདོད་བློ་སྟོན་པ་ཞིག་ཡིན་པ་དང་། འདོད་བློ་དེ་བཏོན་པར་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་སྟེ། (1) ནང་དོན་ཞིབ་ཕྲ་གཏན་འཁེལ་བྱས་པ། (2) ཆིངས་འགོ་འདོན་ཡུལ་གྱི་ཁས་ལེན་ཐོབ་པ་དང་། ཆིངས་འགོ་འདོན་ཡུལ་གྱིས་འདོད་བློ་སྟོན་པ་དེའི་བཀག་གཅུན་འཁུར་དགོས་པའོ།
གསར་སྤེལ་ཚོང་པས་ཚོང་ཟོག་ཁང་པ་བྲིན་འཚོང་བརྡ་ཁྱབ་དང་དྲིལ་བསྒྲགས་ཡིག་ཆའི་སྟེང་ཁས་ལེན་བྱས་རིགས་རྣམས་གཞི་རྩའི་ཆ་ནས་ཆིངས་འགོའི་གདན་ཞུར་གཏོགས་ཤིང་། ཁང་པ་ཉོ་མཁན་གྱིས་རང་ཉིད་ལ་ཁང་པ་ཉོ་བའི་འདོད་བློ་འདོན་རེ་བྱས་པ་ཞིག་ཡིན། དེས་ན་སྤྱིར་བཏང་གནས་ཚུལ་འོག ཁང་པ་ཉོ་མཁན་གྱིས་དོན་དེར་དམིགས་ཏེ་གསར་སྤེལ་ཚོང་པའི་འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏོང་ཁག་པོ་ཡིན། གལ་ཏེ་གསར་སྤེལ་ཚོང་པས་ཚོང་ཟོག་ཁང་པའི་གསར་སྤེལ་འཆར་འགོད་ཁྱབ་ཁོངས་ནང་གི་ཁང་པ་དང་དེ་བཞིན་འབྲེལ་ཡོད་སྒྲིག་ཆས་ཐད་གསལ་བཤད་དང་ཁས་ལེན་ཞིབ་ཕྲ་བྱས་ཡོད་པ་མ་ཟད། དེས་ཚོང་ཟོག་ཁང་པའི་ཉོ་ཚོང་གན་རྒྱ་བཟོ་བ་དང་དེ་བཞིན་ཁང་པའི་རིན་གོང་གཏན་འཁེལ་བྱེད་པར་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད་ཚེ། ཆིངས་འགོ་གྲུབ་པར་རྩི་དགོས། དེའི་སྐབས་གལ་ཏེ་གསར་སྤེལ་ཚོང་པས་ཚོང་ཟོག་ཁང་པའི་བྲིན་འཚོང་བརྡ་ཁྱབ་དང་དྲིལ་བསྒྲགས་ཡིག་ཆའི་ཁས་ལེན་གཞིར་བཟུང་མ་སྒྲུབ་ཚེ། ཁང་པ་ཉོ་མཁན་ལ་ཆིངས་འགོ་ལས་འགལ་བའི་འགན་འཁྲི་འཁུར་དགོས།
རྣམ་གཞག་དོན་ཚན་གྱིས་ང་ཚོར་ཤུགས་རྐྱེན་གང་དག་ཐེབས་སྲིད་དམ།
དོན་ཚན་བཞི་བརྒྱ་དང་གོ་དྲུག་པ། རྣམ་གཞག་དོན་ཚན་ཞེས་པ་ནི་བསྐྱར་ཟློས་སུ་སྤྱོད་ཆེད་དོ་བདག་གིས་སྔོན་ཚུད་ནས་ཟིན་འགོད་བྱས་ལ། གན་རྒྱ་འཇོག་སྐབས་ཕྱོགས་ཅིག་ཤོས་དང་གྲོས་མོལ་མི་བྱེད་པའི་དོན་ཚན་ཡིན།
རྣམ་གཞག་དོན་ཚན་ཐོག་ནས་གན་རྒྱ་འཇོག་ཚེ། རྣམ་གཞག་དོན་ཚན་འདོན་མཁན་ཕྱོགས་ཀྱིས་དྲང་སྙོམས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ་དོ་བདག་བར་གྱི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱེད་དགོས་པ་མ་ཟད། ལུགས་མཐུན་གྱི་བྱེད་སྟངས་སྤྱད་ནས་ཕྱོགས་ཅིག་ཤོས་ལ་རང་ཕྱོགས་ཀྱི་འགན་འཁྲི་མེད་པར་བཟོ་བའམ་བཅའ་ཡང་གཏོང་བ་སོགས་ཕྱོགས་ཅིག་ཤོས་དང་ཁེ་གྱོང་འབྲེལ་བ་ཆེན་པོ་ཡོད་པའི་དོན་ཚན་ལ་དོ་སྣང་བྱེད་པའི་སྣེ་སྟོན་བྱེད་དགོས་པ་དང་། ཕྱོགས་ཅིག་ཤོས་ཀྱི་རེ་འདུན་ལྟར་དོན་ཚན་དེ་གསལ་བཤད་བྱེད་དགོས། རྣམ་གཞག་དོན་ཚན་འདོན་མཁན་ཕྱོགས་ཀྱིས་སྣེ་སྟོན་ནམ་གསལ་བཤད་ཀྱི་འོས་འགན་མ་བསྒྲུབས་པར་བརྟེན། ཕྱོགས་ཅིག་ཤོས་ཀྱིས་ཁོ་རང་དང་ཁེ་གྱོང་འབྲེལ་བ་ཆེན་པོ་ཡོད་པའི་དོན་ཚན་ལ་དོ་སྣང་མ་བྱུང་བའམ་གོ་བ་མ་ལོན་པ་བཟོས་ན། ཕྱོགས་ཅིག་ཤོས་ཀྱིས་དོན་ཚན་དེ་གན་རྒྱའི་ནང་དོན་དུ་མི་འགྲུབ་པའི་འདོད་ཚུལ་བཏོན་ཆོག
དོན་ཚན་བཞི་བརྒྱ་དང་གོ་བདུན་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ན། རྣམ་གཞག་དོན་ཚན་དེར་ནུས་པ་མི་ལྡན་པ་ཡིན། (གཅིག) བཅའ་ཁྲིམས་འདིའི་ལེ་ཚན་དང་པོའི་ལེའུ་དྲུག་པའི་ས་བཅད་གསུམ་པ་དང་བཅའ་ཁྲིམས་འདིའི་དོན་ཚན་ལྔ་བརྒྱ་དང་དྲུག་པར་བཀོད་པའི་ནུས་པ་མི་ལྡན་པའི་གནས་ཚུལ་ཡོད་པ། (གཉིས) རྣམ་གཞག་དོན་ཚན་འདོན་མཁན་ཕྱོགས་ཀྱིས་འོས་མེད་ཀྱི་སྒོ་ནས་རང་ཕྱོགས་ཀྱི་འགན་འཁྲི་མེད་པར་བཟོས་པའམ་བཅའ་ཡང་བཏང་བ། ཕྱོགས་ཅིག་ཤོས་ཀྱི་འགན་འཁྲི་ལྕི་རུ་བཏང་བ། ཕྱོགས་ཅིག་ཤོས་ཀྱི་ཁེ་དབང་གཙོ་བོ་ཚོད་འཛིན་བྱས་པ། (གསུམ) རྣམ་གཞག་དོན་ཚན་འདོན་མཁན་ཕྱོགས་ཀྱིས་ཕྱོགས་ཅིག་ཤོས་ཀྱི་ཁེ་དབང་གཙོ་བོ་ཕྱིར་འབུད་བཏང་བ་བཅས་ཡིན།
ཁྲིམས་ལུགས་འཆད་སྟེགས།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཞི་བརྒྱ་དང་གོ་དྲུག་པའི་ནང་གསེས་དོན་ཚན་དང་པོའི་ནང་ཁྲིམས་ལུགས་ཀྱི་རྣམ་པའི་ཐོག་ནས་རྣམ་གཞག་དོན་ཚན་གྱི་གོ་དོན་གཏན་འཁེལ་བྱས་ཡོད་ཅིང་། དེ་ནི《གན་རྒྱའི་བཅའ་ཁྲིམས》ཀྱི་གོམ་གང་མདུན་སྤོས་ངང་འཐུས་ཚང་བཏང་བ་ཞིག་ཡིན། ནང་གསེས་དོན་ཚན་གཉིས་པའི་ནང་རྣམ་གཞག་དོན་ཚན་འདོན་མཁན་ལ་བླང་བྱ་བཏོན་པ་མ་ཟད། རྣམ་གཞག་དོན་ཚན་འདོན་མཁན་ཕྱོགས་ཀྱིས་སྣེ་སྟོན་ནམ་གསལ་བཤད་འོས་འགན་མ་བསྒྲུབས་པའི་མཇུག་འབྲས་ངན་པ་གསར་སྣོན་བྱས་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ། རྣམ་གཞག་དོན་ཚན་གྱི་སྣེ་སྟོན་ནམ་གསལ་བཤད་འོས་འགན་བསྒྲུབས་རུང་། གལ་ཏེ་གོང་གསལ་དོན་ཚན་བཞི་བརྒྱ་དང་གོ་བདུན་པའི་གཏན་འབེབས་ཀྱི་གནས་ཚུལ་གྲས་ཤིག་ཡོད་ན། རྣམ་གཞག་དོན་ཚན་དེར་ནུས་པ་མི་ལྡན་པ་ཡིན།
ཚད་ལྡན་གྱི་ཁྲིད་སྟོན།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཉོ་སྐྱེལ་བཟའ་བཏུང་གི་ཆུད་ཟོས་རིགས་འགོག་ཟོན་དང་གཉེར་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ཁྲིད་སྟོན》ཁྱབ་བསྒྲགས་བྱས་ཏེ། ཉོ་སྐྱེལ་ཚོང་པའི་གཉེར་ཚོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། དྲ་རྒྱའི་བཟའ་བཏུང་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཉོ་སྐྱེལ་བཟའ་བཏུང་གི་ཆུད་ཟོས་རིགས་འགོག་ཟོན་བཅས་བྱས་ཏེ། གྲོན་ཆུང་བསྲི་ཚགས་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་གཏོད་ཡོད།