《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月17日

ལས་སྒོ་གཉེར་མཁན་ཡིན་ཁུལ་གྱིས།

ལྐོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་དངུལ་སྨར་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་བྱས་པ།

འདི་ནི་ལྐོག་ཞིབ་པས་ལྐོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། མང་ཚོགས་ཀྱི་དངུལ་ཐང་ཆུང་བའི་མི་དམངས་ཤོག་སྒོར་གྱི་དགོས་མཁོ་བསྐངས་ནས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་མི་དམངས་དངུལ་ཁང་གིས་གཏན་འབེབས་བྱས་པའི་སྤྲོད་དམིགས་དངུལ་གྱི་བཅད་གྲངས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས། དངུལ་སྨར་མཁོ་སྤྲོད་ལུགས་མཐུན་ཡོང་བར་འགན་ལེན་བྱ་ཆེད། མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ཡན་ལག་དངུལ་ཁང་གིས་ལྐོག་ཞིབ་ཞབས་ཞུ་གསར་གཏོད་དང་། ཁྱབ་གདལ་ཧུར་ཐག་གཏོང་བ། ལས་སྒོ་གཉེར་མཁན་ཡིན་ཁུལ་གྱིས་ལྐོག་ཞིབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་བརྒྱུད། ཉིན་ཤས་བསྟུད་མར། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་དྲ་ཚིགས་ཁག་ཏུ་སྒོར་20དང་དེ་མན་གྱི་དངུལ་ཐང་ཆུང་བའི་དངུལ་སྨར་ཞབས་ཞུའི་གནས་ཚུལ་ལ་ལྐོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཁྱབ་ཚད་100%ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྒོ་གཉེར་མཁན་ཡིན་ཁུལ་གྱིས་ལྐོག་ཞིབ་བྱེད་པའི་ལམ་ལུགས་ནི་དངུལ་ཁང་གི་ལས་དོན་པས་དངུལ་སིལ་མ་བརྗེ་མཁན་ཡིན་ཁུལ་བྱས་ནས་དངུལ་རྩའི་སྒྲིག་གཞིའི་ལས་གཉེར་དྲ་ཚིགས་ཁག་ཏུ་ཡོང་སྟེ་སྒོར་20དང་དེ་མན་གྱི་དངུལ་ཐང་ཆུང་བའི་མི་དམངས་ཤོག་སྒོར་བརྗེ་བའི་རྣམ་པ་ཞིག་ལ་ཟེར། ལས་གཉེར་དྲ་ཚིགས་ཁག་ཏུ་དངུལ་བརྗེ་སའི་སྐར་ཁུང་བཙུགས་ཡོད་མོད། ལྐོག་ཞིབ་བྱེད་རིང་། དྲ་ཚིགས་ཁག་གཅིག་ཏུ་དངུལ་ཐང་ཆུང་བའི་སྤྲོད་དམིགས་དངུལ་འདང་ངེས་མེད་པས་ས་གནས་ས་ཐོག་ཏུ་བརྗེ་ཐབས་བྲལ་བའི་གནས་ཚུལ་ཡོད་པ་རེད། འོན་ཀྱང་སྐར་ཁུང་གི་ལས་དོན་པས་དངུལ་བརྗེ་མཁན་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས་རང་འགུལ་ངང་བླངས་ནས་དངུལ་མཛོད་ནས་དངུལ་སིལ་མ་བླངས་རྗེས་བརྡ་ཐོ་བཏང་སྟེ་བརྗེ་གི་ཡོད་པ་རེད། ད་ཐེངས་ལྐོག་ཞིབ་བྱེད་རིང་། དངུལ་རྩའི་སྒྲིག་གཞི་ཁག་གི་ལས་གཉེར་དྲ་ཚིགས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།

མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་དངུལ་ཐང་ཆུང་བའི་མི་དམངས་ཤོག་སྒོར་ལ་ལས་སྒོ་གཉེར་མཁན་ཡིན་ཁུལ་གྱིས་ལྐོག་ཞིབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་རྨང་གཞིའི་ཐོག དངུལ་སྨར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གསར་པ་དང་ཐབས་ལམ་གསར་པ་མུ་མཐུད་འཚོལ་ཞིབ་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་དངུལ་སྨར་ཞབས་ཞུར་མང་ཚོགས་བློ་ཡིད་ཚིམ་ཚད་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། (བདེ་དབང་དང་ཚེ་ལྷས་བསྒྱུར་ནས་ཞུས)