《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月17日

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།

སྔོན་ཚུད་ནས་བཅའ་སྲུང་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་པ།

འདི་ནི་མེ་ཟོན་པས་ནགས་ཁུལ་གཙོ་བོའི་འགྲོ་ལམ་དུ་ཆུ་གཏོར་བཞིན་པ།

འདི་ནི་མེ་ཟོན་པས་འབར་སླ་བའི་དངོས་པོ་གཙང་སེལ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་འགོག་ཟོན་དང་བསལ་ནས་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་ཆེད། མེ་ཟོན་དུས་མཚམས་སུ་སླེབས་ཚུན་བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“སྔོན་འགོག་གཙོ་བོར་བྱེད་པ་དང་འགོག་ཟོན་དང་མེ་གསོད་ཟུང་འབྲེལ”གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས། དཔུང་ཆེན་གྱི་སྟོབས་ཤུགས་ཆེ་ཤོས་གཙོ་གནད་ས་ཁུལ་ལ་བཀོད་སྒྲིག་དང་ས་མཚམས་ལ་འབྱར་བ་དང་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། སྔ་རྗེས་སུ་བཀོད་འཐབ་པ་130ལྷག་ཙམ་གྱིས་མེ་ཟོན་མེ་གསོད་ཀྱི་སྒྲིག་ཆས་སྣ་ཚོགས་འཁྱེར་ཏེ་དཔལ་འབར་དང་། སྨར་ཁམས། མེ་ཏོག གྲོ་མོ། སྐྱིད་གྲོང་སོགས་ཀྱི་ནགས་ཚལ་མང་བའི་གཙོ་གནད་རྫོང་11ལ་སྔོན་ཚུད་ནས་བཅའ་སྲུང་བྱས་པ་རེད།

ད་རེས་ཀྱི་བཅའ་སྲུང་ས་ཁོངས་ཚང་མ་ལྗོངས་ཡོངས་ཀྱི་ནགས་ཚལ་སྟུག་པའི་ཁུལ་དང་མེ་སྐྱོན་ཐོན་ཉེན་ཆེ་བའི་ས་ཁོངས་སུ་གནས་པས་སྐྱེ་ཁམས་ཀྱི་དོན་སྙིང་དང་འཐབ་ཇུས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། མིག་སྔར་བཅའ་སྲུང་ཡན་ལག་རུ་ཁག་11ཚང་མ་སོ་སོའི་བཅའ་སྲུང་ས་ཚིགས་སུ་འབྱོར་ནས་ཕྱོགས་ཡོངས་ནས་ལས་དོན་སྤེལ་འགོ་ཚུགས་པ་དང་། བཅའ་སྲུང་དཔུང་སྡེས་བཅའ་སྡོད་བྱ་ཡུལ་གྱི་དོན་དངོས་ལ་དམ་པོར་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་མེ་གསོད་ཀྱི་ཆེད་ལས་སྦྱོང་བརྡར་བྱས་ཏེ་མི་སྣའི་ཆེད་ལས་བྱང་ཚད་དང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་ཆབས་ཅིག མེ་གསོད་པ་སྒྲིག་འཛུགས་ཀྱིས་ས་བཀྲ་དང་མི་མེད་གནམ་གྲུ་སོགས་རྩད་ཞིབ་སྒྲིག་ཆས་འཁྱེར་ནས་ས་ཆ་དངོས་སུ་ལྟ་ཞིབ་དང་། འདྲི་ཞིབ་ཤེས་རྟོགས། ཞིབ་འཇུག་དབྱེ་ཞིབ་སོགས་ཀྱི་བྱེད་སྟངས་བརྒྱུད་གཙོ་གནད་ནགས་ཁུལ་དུ་སྐོར་སྲུང་བྱས་ཏེ། ནགས་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཆུ་བོ་དང་། འགྲོ་ལམ། སྔོ་ཁེབས། ས་དབྱིབས། འབར་སླ་བའི་དངོས་པོའི་ཚད་འཇལ། ཆུ་ཁུངས་དབྱེ་བ། ས་བབ་ཆགས་ཚུལ། སྔོ་ཁེབས་ཀྱི་དབྱེ་བ་སོགས་ཆ་འཕྲིན་བསྡུ་རུབ་བྱས་ནས་ནགས་ཚལ་གྱི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་ཀྱི་གྲངས་གཞིའི་དཔྱད་ཡིག་གསར་ཤོས་འཕྲལ་དུ་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱོད་འཐུས་ཆུ་ཁུངས་དང་འགྲིམ་འགྲུལ་འགྲོ་ལམ་ལ་རྟགས་བཀོད་ནས་གནད་སྨིན་གྱི“མེ་འགོག་ས་བཀྲ”བཟོས་ཡོད།

ལོ་མང་རིང་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སྟོབས་ཤུགས་ཧྲག་པོ་རྒྱུན་མཐུད་མངགས་ནས་སྔོན་ཚུད་ནས་བཅའ་སྲུང་བྱས་པས། ནགས་ཚལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་སྔོན་འགོག་དང་བསལ་བས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འགག་སྒོ་འཐབ་ས་དང་པོར་སྣུར་སྲིང་ཐུབ་སྟེ་མེ་སྐྱོན་ཐོན་མ་ཐག་འཕྲལ་དུ་དང་ལེན་དང་ནུས་ཆེའི་ངང་ཐག་གཅོད་ཐུབ་པའི་རྣམ་པ་བཟང་པོ་འགན་ལེན་བྱས་ཡོད།