《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月17日

“ས་མཐོའི་གཅེས་ནོར”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ།

—— རང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱས་པའི་སྐོར་རགས་ཙམ་བཀོད་པ།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། རྒྱལ་ཡོངས་ཀྱི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་ལས་མངོན་པར་གཞིགས་ན། རང་ལྗོངས་སུ་སྐམ་འཚོའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད་པ་ལས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་246དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་68 རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་178ཡོད་པ་རེད།

གཞི་རིམ་གྱི་དོ་དམ་སྲུང་སྐྱོང་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས་གནས་སྡོད་ཁུལ་གྱི་སྲུང་སྐྱོང་ལས་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།

སྤྱི་ལེ་ངོས་གྲུ་ཁྲི་2.5ལྷག་ཟིན་པའི་ཤན་རྩ་རྫོང་ཁོངས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ“དམག་མི་རྒན་པ”ཚུལ་ཁྲིམས་མཐར་ཕྱིན་དང་ཁོང་གི་ལས་རོགས་ཚོས་ལུས་ལ་རྒྱང་ཤེལ་གཅིག་དང་། བྲོ་ཁུག་གཅིག ཟིན་བྲིས་དེབ་གཅིག་བཅས་ཁྱེར་ནས་ཉིན་ལྟར་རི་སྐྱེས་སྲོག་ཆགས་གནས་སྡོད་ཁུལ་དུ་སྦག་སྦག་བཞོན་ཏེ་སྐོར་ཞིབ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ནི་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་ཡོད། དེ་གར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་མཚོ་མོ་དང་འདམ་ར་མང་པོ་ཡོད་པས་ཁྲུང་ཁྲུང་སྐེ་ནག་གི་དགའ་ཚལ་དང་གཙོད་ཀྱི་ཕ་ས་ལྟ་བུ་ཡིན་པ་མ་ཟད། ད་དུང་གསའ་དང་ཆུ་སྲམ་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་མང་པོའི་གནས་སྡོད་བྱ་ཡུལ་ཡང་ཡིན་པ་རེད།

རང་ལྗོངས་སུ་ཚུལ་ཁྲིམས་མཐར་ཕྱིན་དང་འདྲ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ད་དུང་མང་པོ་ཡོད་པ་རེད། མིག་སྔར་ལྗོངས་ཡོངས་སུ་རིགས་ཁག་གི་དོ་དམ་སྲུང་སྐྱོང་ས་ཚིགས་300ལྷག་ཙམ་དང་། དོ་དམ་སྲུང་སྐྱོང་བ་2000ལྷག་ཙམ། རི་སྐྱེས་སྲོག་ཆགས་ཀྱི་རིམས་ཁུངས་རིམས་ནད་ལྟ་ཞིབ་ཚད་ལེན་པ་ཁྲི་1.6ལྷག་ཙམ། འདམ་ར་ལྟ་སྐུལ་དོ་དམ་པ་ཁྲི་3.9ལྷག་ཙམ་བཅས་ཡོད་པ་མ་ཟད། ད་དུང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་གཞི་རིམ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་དཔུང་ཁག་ཀྱང་བཙུགས་ནས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་ནུས་ལྡན་བསྐྲུན་ཡོད་པ་རེད།

གུན་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་ཏན་ཏིག་བྱས་པ།

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་འཕར་ནས་མི་དང་རི་སྐྱེས་སྲོག་ཆགས་དབར་གྱི“འགལ་བ”རིམ་བཞིན་མངོན་པ་དང་། རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པའི་གྱོད་གཞིའང་རིམ་བཞིན་མང་དུ་འགྲོ་གི་ཡོད་པ་རེད།

བོད་བྱང་ཐང་ནི་འབྲོག་པ་ཚོའི་འཚོ་བ་སྐྱེལ་ས་ཡིན་ལ་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་ལྟ་བུ་ཡང་ཡིན་པས། 2023ལོའི་མཚན་མོ་ཞིག་ལ། འབྲོག་དུད་ཅིག་གི་སྒོ་ཕྱུགས་ལ་སྤྱང་ཀིས་འཇབ་རྒོལ་བྱས་ནས་བེའུ་གཅིག་བཟས་པ་དང་ལུག་གཅིག་ལ་རྨས་སྐྱོན་བཏང་ཡོད་པ་རེད།

“འབྲོག་དུད་ཀྱི་གྱོང་གུན་གསབ་ཆེད་སྲིད་གཞུང་གིས་ཁ་གསབ་ལམ་སྲོལ་བཟོས་ཡོད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཞིག་གི་ངོས་ནས་ངས་ཕྱུགས་རིགས་ཤི་རྨས་ཐེབས་གྲངས་ཐོ་འགོད་བྱེད་ཀྱི་ཡོད། སྲིད་གཞུང་གིས་འབྲེལ་ཡོད་གཏན་འབེབས་ལྟར་ཁ་གསབ་སྤྲོད་གི་རེད”ཅེས་བྱམས་པ་བསྟན་འཛིན་གྱིས་གསར་འགོད་པར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཀྱིས་སྤྱི་དམངས་ཀྱི་ཚེ་སྲོག་ལ་གནོད་འཚེ་བཏང་བ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་ཁ་གསབ་སྤྲོད་ཐབས》ཀྱི་གཏན་འབེབས་ལྟར་ན། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་6:3:1གི་བསྡུར་ཚད་གཞིར་བཟུང་མ་དངུལ་གྲབས་གསོག་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པར་ཁ་གསབ་སྤྲོད་དགོས་ཀྱི་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན། ལྗོངས་ཡོངས་སུ་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པར་ཁ་གསབ་མ་དངུལ་སྤྲད་ཚད་སྒོར་དུང་ཕྱུར་4.76ཟིན་ཡོད་པ་རེད།

སྡེ་ཚན་དབར་མཐུན་སྦྱོར་མཉམ་འགུལ་བྱེད་ཤུཌ་ཆེ་རུ་བཏང་ནས་ཁྲིམས་འགལ་གྱི་ཉོ་ཚོང་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

2020ལོར། རང་སྐྱོང་ལྗོངས་ནགས་རྩྭ་ཅུས་དང་ཞིང་ལས་གྲོང་གསེབ་ཐིང་གིས་སྣེ་ཁྲིད་འོག་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། དྲ་འཕྲིན་གཞུང་དོན་ཁང་། སྤྱི་བདེ་ཐིང་སོགས་སྡེ་ཚན་10དང་མཉམ་དུ་རང་སྐྱོང་ལྗོངས་སྡེ་ཚན་དབར་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་སྦྱོར་ལས་དོན་ཚོགས་ཆུང་བཙུགས་པ་མ་ཟད། ད་དུང་མཐུན་སྦྱོར་ལས་དོན་གྱི་ཇུས་གཞི་ཡང་བཟོས་ནས་སྡེ་ཚན་ཁག་གི་འགན་ནུས་འདོན་སྤེལ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཐུན་མོང་ཐོག་རྡུང་རྡེག་བཏང་བ་རེད།

དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ལོ་ལྟར“བསིལ་རླུང་བྱ་སྤྱོད”དང“དྲ་ཕུབ་བྱ་སྤྱོད”སོགས་ཆེད་དོན་བྱ་སྤྱོད་ཀྱང་སྤེལ་གྱི་ཡོད་པ་རེད། 2023ལོ་ཚུན་དུ། ལྗོངས་ཡོངས་སུ་ཁྲིམས་སྒྱུར་རླངས་འཁོར་ཐེངས་5871དང་ཁྲིམས་སྒྱུར་མི་སྣ་མི་ཐེངས་16455བཏང་ནས་རིམ་རྩིས་བྱས་ན་རི་སྐྱེས་སྲོག་ཆགས་གནས་སྡོད་ཁུལ་3148དང་། མི་ཐབས་གསོ་སྤེལ་བྱ་ཡུལ་17 གཉེར་སྐྱོང་བེད་སྤྱོད་བྱ་ཡུལ་8850 སྦྲག་བསྐུར་ས་ཚིགས་426 འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་180 འགག་སྒོ་དང་མཚོ་རྒྱུད་མཐའ་མཚམས་ས་ཁུལ་18བཅས་ལ་ལྟ་སྐུལ་ཞིབ་བཤེར་དང་། ཟོག་འདྲེན་རླངས་འཁོར་ཐེངས་3000ལྷག་ལ་ཞིབ་བཤེར་བྱས་ནས། རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་དང་འབྲེལ་བའི་གྱོད་གཞི་32ཞིབ་གཅོད་དང་ཁྲིམས་འགལ་ཉེས་གསོག་པ་67ཐག་གཅོད་བྱས་ཡོད་པ་རེད།

རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་བོད་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སླར་གསོ་རང་བཞིན་གྱི་མང་དུ་འཕེལ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུད་པ་ཆད་པར་ངོས་འཛིན་བྱས་པའི་འབྲས་ལྗོངས་ཤྭ་བ་དམར་པོ་ཡང་ཐོག་མར་མགོ་གྲངས་200ཙམ་མཐོང་རྒྱུ་ཡོད་པ་ནས་ད་ཆ་མགོ་གྲངས་800ལྷག་བར་འཕེལ་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། ཚེ་དབང་ལྷ་མོས་ཞུས)