གངས་རིའི་ལྗོངས་སུ་སྐར་ལྔའི་དར་དམར་གཡོ། །
སྤྱི་ཚོགས་རིང་ལུགས་ལམ་ཆེན་འོད་སྣང་ལྡན། །
སྤུན་ཟླ་མི་རིགས་ལག་གདང་དཔུང་སྦྲེལ་གྱིས། །
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད། །
ཏང་གི་མཛད་ཕྱོགས་སྲིད་བཟང་ཉིན་བྱེད་འདྲ། །
སྤུན་ཟླ་མི་རིགས་མཛའ་གཅུགས་ཉ་ཆུ་བཞིན། །
གཅིག་སེམས་གཅིག་གཏད་བོད་གསར་འཛུགས་སྐྲུན་གྱིས། །
བོད་ལྗོངས་གསར་པའི་འཛུམ་ཞལ་པད་འདབ་གྲོལ། །
ཆུང་དུས་ཤེས་རིག་ཚལ་དུ་སློབ་གཉེར་བྱས། །
བར་དུ་གསར་རྗེའི་ལས་དོན་བརྩོན་པས་བསྒྲུབས། །
ཕྱིས་སུ་རྒན་ཡོལ་ཞུས་ཏེ་རང་ཁྱིམ་དུ། །
འཚོ་བ་གསར་པའི་དགའ་བདེའི་དཔལ་ལ་རོལ། །
ན་སོ་རྒས་ཀྱང་སེམས་པ་སྔར་བཞིན་གཞོན། །
འཚོ་བ་གསར་པར་བསྟོད་པའི་སྙན་ངག་བྲིས། །
བློ་རྩེ་གཅིག་གིས་རིག་གནས་སློབ་སྦྱོང་གིས། །
ཆབ་སྲིད་རིག་པས་བསམ་བློར་དྲག་ཆས་སྤྲས། །
སྤྱི་ཚོགས་གསར་རྙིང་དབྱར་དགུན་ནམ་དུས་བཞིན། །
འཚོ་བ་གསར་པའི་འབྱུང་ཁུངས་བརྗེད་ཐབས་མེད། །
ལོ་ན་རྒས་ཀྱང་བསམ་བློ་མ་རྒས་པར། །
སྙིང་སྟོབས་ཆེན་པོས་ཏང་གི་རྗེས་སུ་འབྲངས། །
འཛུགས་གཏོད་བཞི་ཡི་དམིགས་ཚད་མངོན་འགྱུར་ཆེད། །
མི་རིགས་མཐུན་སྒྲིལ་རང་གི་སྲོག་བཞིན་སྲུང་། །
གཅིག་སེམས་གཅིག་གཏད་གཅིག་ཕན་གཅིག་རོགས་ཀྱིས། །
སེ་འབྲུའི་རྡོག་བཞིན་མཐུན་སྒྲིལ་གཙུག་ཏུ་བཀུར། །
ཤེས་ཡོན་སློབ་སྦྱོང་བགྱི་བར་རྩེ་གཅིག་གཞོལ། །
ཚན་རིག་ལམ་ནས་དཔལ་འབྱོར་འཕེལ་བར་འབད། །
ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། །
དམངས་འཚོ་ལེགས་བཅོས་སླད་དུ་རང་ནུས་བཏོན། །
ཁོར་ཡུག་སྲུང་སྐྱོང་རིན་བྲལ་སྲོག་དང་མཚུངས། །
སྐྱེ་ཁམས་དཔལ་ཡོན་རང་གི་མིག་བཞིན་གཅེས། །
རི་སྔོན་ཆུ་དྭངས་གངས་རི་འཁྱགས་ཀླུང་སོགས། །
གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཅངས། །
ཏང་གི་བཀའ་སློབ་མ་བརྗེད་སྙིང་ཁར་བཅངས། །
ཚོགས་ཆེན་ཉི་ཤུའི་དགོངས་དོན་ལག་ལེན་བསྟར། །
ལུས་པོ་གུད་ཀྱང་སེམས་ཤུགས་མ་ཉམས་པར། །
མེས་རྒྱལ་སྟོབས་ཆེན་འཛུགས་སྐྲུན་ཆེད་དུ་འབད། །
དམག་དམངས་མཐུན་སྒྲིལ་ཉ་ཆུའི་བརྩེ་སེམས་ཀྱིས། །
མཐའ་མཚམས་མཁར་རྫོང་བསྐྲུན་ནས་བརྟན་ལྷིང་སྲུང་། །
མཐའ་མཚམས་དར་རྒྱས་མི་དམངས་འབྱོར་ཕྱུག་གི །
བདེ་སྐྱིད་འཚོ་བའི་མཛེས་རིས་གསར་པ་བཀོད། །
ཉིན་གྱི་ཉི་མ་མཚན་གྱི་ཟླ་བ་དང་། །
དཔྱིད་ཀྱི་མེ་ཏོག་སྟོན་གྱི་འབྲས་བུ་བཞིན། །
ཀྲུང་གོ་གསར་པའི་དབུ་འཕང་དགུང་དང་མཉམ། །
དམངས་སེམས་དགའ་བའི་དགོད་སྒྲས་རི་ཀླུང་འགུལ། །
རྒན་ཡོལ་ཞུས་པའི་རྒན་རབས་ང་ཚོ་ཡིས། །
རླབས་ཆེན་བསྐྱར་དར་ཕུགས་འདུན་མ་དོར་བར། །
མི་རིགས་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས། །
མེས་རྒྱལ་ཆེད་དུ་རང་ནུས་གང་ཡོད་འབུལ། །