འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“གཞོན་ནུའི་ལང་ཚོ་རྒྱས་སྒང་འདིར། འབད་འབུངས་མདུན་སྐྱོད་དེ་བས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞོན་ནུ་ལས་བྱེད་ཉེན་རྟོག་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གཞོན་ནུ་ལས་བྱེད་ཉེན་རྟོག་པའི་འཐུས་མི་6གིས་རང་སོ་སོའི་སློབ་སྦྱོང་དང་། འཚར་ལོངས་ཀྱི་བརྒྱུད་རིམ། ལས་ཀའི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་དང་མྱོང་བ་དང་། གྲུབ་འབྲས་དང་མི་འདང་ས། བསམ་གཞིག་དང་བསམ་ཚུལ་བཅས་ལྷུག་པོར་གླེང་བ་མ་ཟད། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེན་པོས་གྱོད་དོན་ཞིབ་གཅོད་ལ་ལྟ་སྐུལ་བྱེད་པ་དང་། ཞིབ་དཔྱོད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིབ་དཔྱོད་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཞོན་ནུ་ལས་བྱེད་ཉེན་རྟོག་པས་ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ལམ་བསྲུངས་ནས་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཡང་དག་གི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་ལ་སྣང་ཆེན་དང་། རྩ་འཛུགས་ཐད་བརྩི་བཀུར་ལ་སྣང་ཆེན། བྱ་སྤྱོད་ཐད་སྒྲིག་ཁྲིམས་ལ་སྣང་ཆེན། ལས་ཀའི་ཐད་སྒྲིག་ལམ་ལ་སྣང་ཆེན། ལམ་ལུགས་ཐད་ལག་བསྟར་ལ་སྣང་ཆེན་བཅས་བྱེད་དགོས། སློབ་སྦྱོང་ལ་འབད་བརྩོན་དང་འཇོན་ཐང་ཆེ་རུ་བཏང་ནས“སློབ་སྦྱོང་རྣམ་པའི་ལས་ཁུངས”བསྐྲུན་རྒྱུ་གོ་སྐབས་སུ་བྱས་ཏེ་རང་རྟོགས་ངང་སློབ་སྦྱོང་བྱེད་པ་དང་། རྒྱུན་མཐུད་སློབ་སྦྱོང་བྱེད་པ། རང་འགུལ་ངང་སློབ་སྦྱོང་བྱེད་པ་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་གང་ཞིག་བྱེད་དུ་བཅུག་ཀྱང་དེ་ལ་བརྩོན་པ་དང་དེར་མཁས་པར་བྱས་ཏེ། འགན་སྒྲུབ་ཀྱི་དགོས་ངེས་ཀྱི་ཤེས་བྱའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཞིབ་དཔྱོད་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་ཧུར་ཐག་གཏོང་དགོས། དངོས་འཛིན་དངོས་སྒྲུབ་ཁྲོད་རྙོག་འཛིང་གི་རྣམ་པར་སྒྱུར་བཅོས་གཏོང་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་སྟེ། འགན་འཁུར་གྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ཞུན་བརྡར་གྱིས་ཞིབ་དཔྱོད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རོགས་བྱེད་དགོས།