འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྣ་འདུས་ཐབས་བཟང་ཡག་པོ་སྤྱད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གནས་ཚུལ་བརྡ་ཁྱབ་བཏང་ནས་ཁེ་ལས་མཁས་ཅན་གྱི་འཐུས་མིས་དོ་ཁུར་བྱེད་པའི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་བརྒྱབ་པ་མ་ཟད། བསམ་འཆར་དང་གྲོས་འགོ་སླར་ཡང་བསྡུ་ལེན་བྱས་ཡོད། ཁེ་ལས་མཁས་ཅན་གྱི་འཐུས་མིས་མིག་སྔར་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཁྲིམས་སྐྱོང་ཞབས་ཞུ་སྤུས་ལེགས་ཕན་ཆེ་བྱུང་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་ཁོར་ཡུག་བཟང་པོ་བཏོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད།
ལིའུ་ཅང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ཁྲིམས་སྐྱོང་གི་བསམ་གཞིག་ཆེ་རུ་བཏང་ནས་དེ་བས་ཡོངས་བསྒྲགས་དང་ཁ་གསལ་གྱི་སྲིད་ཇུས་ཀྱི་ཁོར་ཡུག་གཏོད་གང་ཐུབ་བྱེད་དགོས། ཁྲིམས་སྐྱོང་གི་མཁོ་སྤྲོད་འཐུས་སྒོ་ཚང་དུ་རྒྱུན་མཐུད་བཏང་ནས་ཐོ་བཀོད་ཞིབ་བཤེར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་ཁྲིམས་ཚད་གཅོད་དབང་གི་ཚད་གཞི་སྔར་བས་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་བ། ཆད་པ་གཅོད་མི་ཆོག་པ་སོགས་སྲིད་འཛིན་ཁྲིམས་སྒྱུར་གྱི“གསལ་ཐོ་བཞི”གང་མགྱོགས་འཛུགས་པ་བཅས་བྱས་ནས་དེ་བས་འགྲན་རྩོད་དང་གོ་རིམ་ལྡན་པའི་ཁྲིམས་སྐྱོང་ཁོར་ཡུག་གཏོད་གང་ཐུབ་བྱེད་དགོས། ཁྲིམས་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་མུ་མཐུད་བཏང་ནས་ནག་སེལ་གཤེད་བཅོམ་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་མགྱོགས་མྱུར་གྱོད་དོན་ཐོ་འགོད་བྱེད་པ་དང་། འདྲི་ཞིབ་བྱེད་པ། ལག་བསྟར་བྱེད་པ་བཅས་ཀྱི་ལམ་སྲོལ་དང་ཤེས་རིག་བདག་དབང་གི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་གྱོད་གཞི་གསུམ་གཅིག་ཏུ་སྒྲིལ་བའི་འདྲི་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་འཛིན་གྱི་སྤྱི་ཕན་ཞིབ་དཔྱོད་ལ་ཤུགས་སྣོན་རྒྱག་པ། གཞུང་དྲང་དང་ཤེས་དཔལ་གྱི་ཁྲིམས་སྒྱུར་དང་ཁྲིམས་འཛིན་ནན་པོ་བཟོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ཁག་གི་ཁྲིམས་མཐུན་ཁེ་དབང་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་གཉེར་སྐྱོང་སྒྲིག་ལམ་ལ་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱས་ནས་དེ་བས་དྲང་གཞག་དྲང་བདེན་གྱི་ཁྲིམས་འཛིན་ཁོར་ཡུག་གཏོད་གང་ཐུབ་བྱེད་དགོས། ཁྲིམས་སྐྱོང་ཞབས་ཞུ་ལེགས་སུ་རྒྱུན་མཐུད་བཏང་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་རྣམ་པའི་སྲིད་འཛིན་ཁྲིམས་སྒྱུར་ལག་བསྟར་ཤུགས་ཆེན་བྱེད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། “ལས་དོན་གཅིག་ཡག་པོ་བསྒྲུབ་རྒྱུར”སྐུལ་འདེད་མགྱོགས་མྱུར་གཏོང་བ། ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་བ་བཅས་བྱས་ནས་དེ་བས་སྤུས་ལེགས་དང་ཕན་ཆེའི་ཞབས་ཞུའི་ཁོར་ཡུག་གཏོད་གང་ཐུབ་བྱེད་དགོས།
ལིའུ་ཅང་གིས་ད་དུང་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ཁག་ལ་རེ་བ་དང་བླང་བྱའང་བཏོན་གནང་བ་རེད།