《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月19日

ཁྲིམས་འཛིན་ལ་བརྟེན་ནས་མི་སེར་གྱི་བཟའ་བཅའ་དང་བདེ་འཇགས་ལ་འགན་ལེན་བྱས་པ།

—— ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཐོན་རྫས་ཀྱི་སྤུས་ཚད་དང་འབྲེལ་བ་ཡོད་པའི་ཉེས་གསོག་དཔེ་མཚོན་གྱོད་གཞི་འགའ་ཡོངས་བསྒྲགས་བྱས་པའི་སྐོར་བཀོད་པ།

ཐོན་རྫས་སྤུས་ཚད་ཀྱི་གནད་དོན་ནི་དམངས་འཚོའི་གནད་དོན་ཡིན་ལ་འཕེལ་རྒྱས་ཀྱི་གནད་དོན་ཡང་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཁར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། གསར་འགོད་པས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཐོན་རྫས་སྤུས་ཚད་དང་འབྲེལ་བའི་ཉེས་གསོག་གྱོད་གཞིར་ཁྲིམས་བཞིན་འདྲི་གཅོད་བྱས་ཏེ། རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་བ་དང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་གནོད་པ་སོགས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། ཉེ་ཆར། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཉེ་བའི་ལོ་ཤས་རིང་ཞིབ་གཅོད་བྱས་པའི་ཐོན་རྫས་ཀྱི་སྤུས་ཚད་དང་འབྲེལ་བ་ཡོད་པའི་ཉེས་གསོག་དཔེ་མཚོན་གྱོད་གཞི་འགའ་ཡོངས་བསྒྲགས་བྱས་ཤིང་། དམངས་ཡོངས་ཀྱིས་སྤུས་ཚད་ལ་སྣང་ཆེན་དང་། སྒྲིག་སྲོལ་སྲུང་བ། ཁ་དན་ཚིག་གནས་ལ་སྣང་ཆེན། འདྲ་མཉམ་དང་དྲང་གཞག་གི་ཁྲོམ་རའི་སྒྲིག་སྲོལ་སྲུང་སྐྱོང་བཅས་ལ་ཁྲིད་སྟོན་བྱས་ནས་སྤུས་ཚད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་ལ་སྐུལ་མ་བཏང་ཡོད།

གྱོད་དཔེ་དང་པོ། ཀྲེང་ཆེ་གེ་མོས་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་བཙོངས་པའི་གྱོད་གཞི།

གྱོད་གཞིའི་གཞི་རྩའི་གནས་ཚུལ། ཀྲེང་ཆེ་གེ་མོས་འཚོང་རྒྱུའི་ཆེད་དུ་ཐ་མག་རྫུན་མ་ཉོས་ཡོད། 2021ལོའི་ཟླ་12ཚེས་15ཉིན་ཀྲེང་ཆེ་གེ་མོས་མྱུར་སྐྱེལ་ཟོག་འགྲེམས་ལྟེ་གནས་སུ་རང་ཉིད་ཀྱིས་ཉོས་པའི་སྤུས་རྟགས་རྫུན་མའི་ཐ་མག་རྡར་ཚན་792ལེན་སྐབས། རྡོ་ཐ་ཆེད་འཚོང་ཅུས་ཀྱི་ལས་དོན་པས་ས་ཡུལ་དངོས་སུ་རྩད་ཆོད་ཡོད། དེ་རྗེས་རྡོ་ཐ་ཆེད་འཚོང་ཅུས་ཀྱི་ལས་དོན་པས་སླར་ཡང་ཀྲེང་ཆེ་གེ་མོས་ཉོས་པའི་སྤུས་རྟགས་རྫུན་མའི་ཐ་མག་རྡར་ཚན་1800རྩད་ཆོད་པ་རེད། རྡོ་ཐ་སྤུས་ཚད་ལྟ་སྐུལ་ཚད་ལེན་སྡེ་ཚན་གྱིས་གཏན་འཁེལ་ངོས་འཛིན་བྱས་པ་བརྒྱུད། གོང་གསལ་གྱི་ཐ་མག་ཚང་མ་ཐོ་འགོད་ཚོང་རྟགས་རྫུན་མའི་ཐ་མག་རྫུན་ཞན་ཡིན་པ་དང་། རྡོ་ཐ་ཕྱིར་ཚོང་དོ་དམ་སྡེ་ཚན་གྱིས་གོང་ཚད་དཔྱད་བསྡུར་བྱས་པ་བརྒྱུད། གོང་གསལ་གྱི་ཐ་མག་རིན་གོང་སྒོར་ཁྲི་41ལྷག་ཙམ་ཟིན་པ་རེད།

ཁྲིམས་གཅོད་བྱས་འབྲས། ཁྲིམས་ཁང་གིས་ཞིབ་གཅོད་བྱས་ནས་ངོས་འཛིན་བྱས་དོན། ཀྲེང་ཆེ་གེ་མོས་འཚོང་རྒྱུའི་ཆེད་དུ་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་ཡིན་པ་ཤེས་བཞིན་དུ་ཉོས་པ་དང་། ཚོང་ཟོག་གི་གོང་ཚད་ཆེ་བར་བརྟེན། ཁོ་པའི་བྱེད་སྤྱོད་ལས་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་ཕྱིར་ཚོང་གི་ཉེས་པ་གྲུབ་ཡོད། ཡིན་ནའང་གྱོད་འབྲེལ་ཐ་མག་རྫུན་མ་དངོས་སུ་བཙོངས་མེད་པའི་དུས་མཚུངས་སུ་ཀྲེང་ཆེ་གེ་མོ་ཁྲིམས་རྒྱར་ཚུད་རྗེས་ནག་ཉེས་ཇི་བཞིན་བརྗོད་ནས་དེ་འཕྲལ་ངོས་ལེན་ཞུས་པས་ཁྲིམས་བཞིན་ཉེས་ཆད་ཡང་གཅོད་བྱེད་ཆོག དེར་བརྟེན། ཀྲེང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་ཟླ་བདུན་གྱི་ཁྲིམས་ཐག་བཅད་ཅིང་། ཁྲིམས་ཐག་ཕྱིར་འགྱངས་ལོ་གཅིག་དང་ཟླ་དྲུག་བྱ་རྒྱུ་དང་དངུལ་ཆད་སྒོར་ཁྲི་25བཅད་པ་མ་ཟད། སྤུས་རྟགས་རྫུན་མའི་ཐ་མག་རྡར་ཚན་2592ཁྲིམས་བཞིན་གཞུང་བཞེས་བཏང་ནས་མེད་པར་བཟོས་ཡོད།

དཔེ་མཚོན་དོན་སྙིང་། རྡོ་ཐ་ནི་དམིགས་བསལ་ཚོང་གཉེར་གྱི་ཐོན་རྫས་ཤིག་ཡིན་ཞིང་། རྒྱལ་ཁབ་ཀྱིས་རྡོ་ཐ་ལ་ཐོན་སྐྱེད་དང་ཕྱིར་ཚོང་ལ་ཆེད་མངགས་ཚོད་འཛིན་བྱེད་བཞིན་ཡོད། རྡོ་ཐ་ཆེད་འཚོང་སིལ་འཚོང་བྱས་འཐུས་ཀྱི་ལག་ཁྱེར་མ་ཐོབ་པའི་གནས་ཚུལ་འོག་རྡོ་ཐ་ཐོན་རྫས་སྐྱེལ་འདྲེན་དང་། གསོག་ཉར། ཕྱིར་ཚོང་བཅས་བྱེད་མི་ཆོག རྒྱུན་གཏན་འཚོ་བའི་ཁྲོད་ཁྲིམས་འགལ་བ་ཁག་གཅིག་གིས་ཁེ་ཕན་གྱི་མདུན་དུ་ཁྲིམས་འགལ་ཡིན་པ་ཤེས་བཞིན་དུ་ཉེན་མཆོང་གིས་ཚོང་རྟགས་གྲགས་ཅན་གྱི་ཐ་མག་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པ་དེས་ཁ་དན་ཚིག་གནས་ཀྱི་ཚོང་གཉེར་ཁོར་ཡུག་ལ་གཏོར་བཤིག་བཏང་བ་མ་ཟད། ཁེ་ལས་ཀྱི་ཤེས་བྱའི་བདག་དབང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལའང་གཏོར་བཤིག་ཚབས་ཆེན་བཏང་བས། ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།

གྱོད་དཔེ་གཉིས་པ། ཡོན་ཆེ་གེ་མོས་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་བཙོངས་པའི་གྱོད་གཞི།

གྱོད་གཞིའི་གཞི་རྩའི་གནས་ཚུལ། ཡོན་ཆེ་གེ་མོས་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་མང་པོ་ཉོས་ཏེ་མཛོད་ཁང་དུ་ཉར་ཚགས་བྱས་ནས་བཙོང་རྩིས་བྱས་ཡོད། 2023ལོའི་ཟླ་5པར། སྤྱི་བདེ་ལས་ཁུངས་ཀྱིས་ཡོན་ཆེ་གེ་མོའི་མཛོད་ཁང་དང་སྡོད་གནས་ནས་མི་གཞན་གྱི་ཐོ་འགོད་ཚོང་རྟགས་ལ་བརྫུས་པའི་སྐྲ་འཁྲུད་ཆས་དང་འདག་ཁུ་སོགས་རྒྱུན་མཁོའི་རྫས་འགྱུར་བཟོ་ལས་ཀྱི་ཚོང་ཟོག་མང་པོ་རྩད་ཆོད་ཅིང་། དེ་དག་གི་རིན་གོང་སྒོར་ཁྲི་180ལྷག་ཙམ་ཟིན་ཡོད་པ་རེད།

ཁྲིམས་གཅོད་བྱས་འབྲས། ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཡོན་ཆེ་གེ་མོས་ཐོ་འགོད་ཚོང་རྟགས་རྫུན་མ་ཡིན་པ་ཤེས་བཞིན་དུ་ཚོང་ཟོག་འབོར་ཆེན་ཉོས་ཏེ་ཕྱིར་ཚོང་གྲབས་བྱས་པ་དང་། གྲངས་འབོར་ཡང་ཧ་ཅང་ཆེན་པོ་ཡིན་པས་ཁོ་པའི་བྱེད་སྤྱོད་དེས་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་ཕྱིར་ཚོང་བྱས་པའི་ནག་ཉེས་གྲུབ་ཡོད། ཡོན་ཆེ་གེ་མོས་ཉོས་པའི་ཚོང་ཟོག་རྫུན་མ་དག་སྤྱི་ཚོགས་ཐོག་མ་བཙོངས་པ་དང་། ཡོན་ཆེ་གེ་མོས་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་ནས་ཉེས་ཆད་དང་ལེན་བྱས་སྟབས་ཁྲིམས་ལྟར་ཉེས་ཆད་ཆག་ཡང་གཏོང་ཆོག་པས་ཡོན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་དངུལ་ཆད་སྒོར་ཁྲི་40ཆད་པ་བཅད་པ་རེད།

དཔེ་མཚོན་དོན་སྙིང་། ཡོན་ཆེ་གེ་མོས་ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་བྱ་ཆེད། ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་འབོར་ཆེན་ཉོས་པ་ཕྱིར་བཙོངས་ནས་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་ཐོ་འགོད་ཚོང་རྟགས་ཀྱི་རྒྱུ་སྤུས་ཁག་ཐེག་བྱེད་ནུས་ལ་གནོད་འཚེ་གཏོང་རྩིས་བྱས་ཏེ། ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། གྱོད་གཞི་འདི་ཐག་གཅོད་བྱུང་བའི་ཐོག་ནས་མི་དམངས་ཁྲིམས་ཁང་གིས་ཁྲོམ་རའི་ཁོར་ཡུག་གཙང་མ་བཟོ་བ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་ཕྱིར་ཚོང་བྱས་པའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་ཤུགས་ཚད་དང་ཆོད་སེམས་མཚོན་ཡོད་པ་རེད།

གྱོད་དཔེ་གསུམ་པ། ཝང་ཆེ་གེ་མོས་ཐོན་རྫས་རྫུན་ལྷད་ཅན་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་གྱོད་གཞི།

གྱོད་གཞིའི་གཞི་རྩའི་གནས་ཚུལ། 2023ལོའི་ཟླ་6པར། ཝང་ཆེ་གེ་མོས་རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་མ་ཐོབ་པའི་གནས་ཚུལ་འོག རང་འདོད་ངང་གློག་སྐུད་སྒྲིལ་མ་2467ཐོན་སྐྱེད་བྱས་པ་དང་འབྲེལ་ཀུང་སི་ག་གེ་མོའི་ཚད་ལྡན་མཚོན་རྟགས་སྦྱར་ཏེ་མི་གཞན་ལ་སྒྲིལ་མ་10བཙོངས་པ་རེད། ལོ་དེའི་ཟླ་7པར། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཝང་ཆེ་གེ་མོས་ཐོན་སྐྱེད་བྱས་པའི་གློག་སྐུད་ཚང་མ་རྩད་ཆོད་པ་རེད། ཞིབ་བཤེར་དང་རིན་གོང་གཏན་འཁེལ་བྱས་པ་བརྒྱུད། ཝང་ཆེ་གེ་མོས་ཐོན་སྐྱེད་བྱས་པའི་གློག་སྐུད་ཚང་མ་ཚད་ལོན་མེད་པ་དང་རིན་གོང་སྒོར་ཁྲི་66ལྷག་ཟིན་གྱི་ཡོད་པ་རེད།

ཁྲིམས་གཅོད་བྱས་འབྲས། ཁྲིམས་ཁང་གིས་ཞིབ་གཅོད་བྱས་ནས་ངོས་འཛིན་བྱས་དོན། ཝང་ཆེ་གེ་མོས་ཚད་ལྡན་མིན་པའི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པ་དེས་ཐོན་རྫས་རྫུན་ལྷད་ཅན་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ནག་ཉེས་གྲུབ་ཡོད། ཝང་ཆེ་གེ་མོས་ཐོན་སྐྱེད་བྱས་པའི་གློག་སྐུད་མང་ཆེ་བ་ཕྱིར་འཚོང་ཐུབ་མེད་པ་མ་ཟད། ཝང་ཆེ་གེ་མོས་ཁྲིམས་རྒྱར་ཚུད་རྗེས་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་རང་འགུལ་ངང་ཉེས་ཆད་དང་ལེན་བྱས་པས། ཁྲིམས་ལྟར་ཉེས་ཆད་ཡང་གཅོད་བྱེད་ཆོག ཝང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་བཞི་བྱ་རྒྱུ་དང་འབྲེལ་དངུལ་ཆད་སྒོར་ཁྲི་10གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།

དཔེ་མཚོན་དོན་སྙིང་། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཀྱིས་ཚད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་མ་ཟད། འཛད་སྤྱོད་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཡང་གནོད་འཚེ་བཟོ་གི་ཡོད། མི་དམངས་ཁྲིམས་ཁང་གིས་ནག་ཉེས་འདི་རིགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་། འཛད་སྤྱོད་ཁྲོམ་ར་སྐྱོན་བྲལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། དྲང་སྙོམས་འགྲན་རྩོད་བྱེད་པའི་ཁྲོམ་རའི་ཁོར་ཡུག་གཏོད་པ། དཔལ་འབྱོར་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

གྱོད་དཔེ་བཞི་པ། ཝང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོས་དུག་ལྡན་གནོད་ལྡན་གྱི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་གྱོད་གཞི།

གྱོད་གཞིའི་གཞི་རྩའི་གནས་ཚུལ། 2021ལོའི་ཟླ་3པ་ནས་ཟླ་4པའི་བར་ཝང་ཆེ་གེ་མོས་ཞིམ་ཟས་ཟ་ཁང་གཉེར་སྐྱོང་བྱེད་རིང་གཉེར་སྐྱོང་གི་མ་རྩ་ཉུང་དུ་གཏོང་ཆེད། ཀྲང་ཆེ་གེ་མོར་འཛད་སྤྱོད་པས་རྒྱ་ཁོག་བཟས་རྗེས་ཀྱི་ཁུ་བ་དྭངས་བསིང་འབྱེད་ནས་ཆུ་དང་སྣུམ་སོ་སོར་ཕྱེ་རུ་བཅུག་པ་མ་ཟད། སྣུམ་གསར་པ་དང་མཉམ་བསྲེས་བྱས་རྗེས་ཐུམ་བརྒྱབ་སྟེ་ཟ་ཁང་དུ་སླར་ཡང་བེད་སྤྱོད་བྱེད་དུ་བཅུག་ཡོད།

ཁྲིམས་གཅོད་བྱས་འབྲས། ཁྲིམས་ཁང་གིས་ཞིབ་གཅོད་བྱས་ནས་ངོས་འཛིན་བྱས་དོན། ཝང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་ཀྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་འཕྲོད་བསྟེན་སྐོར་གྱི་ཁྲིམས་སྲོལ་དང་འགལ་ནས་དུག་ལྡན་གནོད་ལྡན་གྱི་བཟའ་བཅའི་རྒྱུ་ཆ་མ་ཡིན་པར་ལས་སྣོན་བྱས་ཏེ་ཕྱིར་ཚོང་བྱས་པའི་བྱེད་སྤྱོད་དེ་དུག་ལྡན་གནོད་ལྡན་གྱི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ནག་ཉེས་གྲུབ་ཡོད་པས། ཝང་ཆེ་གེ་མོར་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་གཅིག་དང་ཟླ་དྲུག་བྱ་རྒྱུ་དང་དངུལ་ཆད་སྒོར་ཁྲི་གཉིས་བཅད་པ་དང་། ཀྲང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ཟླ་བཅུ་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་གཅིག་བྱ་རྒྱུ་དང་འབྲེལ་དངུལ་ཆད་སྒོར་ཁྲི་གཅིག་བཅད་ཡོད། ཝང་ཆེ་གེ་མོས་ཁྲིམས་ཆད་ཕྱིར་འགྱངས་ཀྱི་ཉམས་ཚོད་ལེན་པའི་དུས་ཡུན་རིང་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་། དེ་བཞིན་འབྲེལ་ཡོད་ཀྱི་བྱ་སྤྱོད་སྤེལ་མི་ཆོག་པའི་ཁྲིམས་ཐག་བཅད་ཡོད།

དཔེ་མཚོན་དོན་སྙིང་། “ཟས་ནི་མི་ཡི་འཚོ་རྟེན་ཡིན། གནོད་མེད་བདེ་འཇགས་ཟས་ཀྱི་གཙོ”བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ། དུག་དང་གནོད་ལྡན་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་ཉེས་གསོག་རིགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་ཏན་ཏིག་བྱས་ཡོད།