《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月12日

༄༅་། སྨིན་དྲུག་རི་མོ་།

རྫ་ཤུལ་བློ་བཟང་།

ཉི་མ་དྲོད་ཁོལ་ཆེ་བ། །

ཟླ་བ་བསིལ་ཞིང་འཇམ་པ། །

ཨ་ཅག་ཟླ་བ་སྒྲོལ་མ། །

ང་ཡི་ཉི་ཟླ་འདྲ་བྱུང་། །

ཉི་ཟླའི་རྣ་རྒྱན་ཆ་གཅིག །

ཁྱེད་ཀྱི་ཕྱག་ཏུ་ཕུལ་ཡོད། །

དུང་བའི་དར་དཀར་མདུད་པ། །

བརྩེ་སེམས་གཙང་མའི་དན་རྟགས། །

དྲན་པ་སྤྲིན་དང་བསྡེབས་ན། །

བརྩེ་བའི་སྦྲང་ཆར་ཟམ་ཟིམ། །

དུང་བའི་བསིལ་ཟེར་འཁྲིས་སུ། །

ཚིག་གི་སྐར་ཚོམ་བཀྲ་བ། །

ཕྱི་ཐག་གཙང་པོར་བསྲིངས་ཡོད། །

དྲན་པ་མཚོ་ལ་བཤད་ཡོད། །

སེམས་ཀྱི་སྐར་མ་ཨ་བརྟན། །

རྨི་ལམ་ཞིག་གི་གྲོགས་ཡིན། །

མགུར་མའི་ནང་གི་དབྱངས་འགྲོས། །

ཟླ་བ་སྒྲོལ་མས་གནང་བྱུང་། །

དུང་སེམས་འདུན་མའི་གཞས་ཆུང་། །

ཚངས་དབྱངས་རྒྱ་མཚོའི་མགུར་ཚིག །

ལྗོན་པའི་དྲི་བསུང་ལྡང་བྱུང་། །

ལོ་འདབ་རླུང་གིས་གཡོས་སོང་། །

ཚོར་བའི་འཇའ་རིས་ཡག་མོ། །

ཤོག་དཀར་ངོས་སུ་ཕབ་ཡོད། །

རི་བོའི་གཟི་མདངས་མཛེས་པ། །

ལྷ་ཤིང་ཤུག་པས་བརྒྱན་འདུག །

བྱེའུ་ཆུང་འཇོལ་མོའི་སྐད་ངག །

རྣ་བའི་བུ་གར་སིམ་བྱུང་། །

མཚོ་མོ་ཆུ་རིས་ཤིག་ཤིག །

ང་ཡི་སེམས་འགྱུ་འདྲ་བྱུང་། །

གསེར་མིག་ཉ་མོ་འཁྱུག་འདྲའི། །

ལུས་ཀྱི་སྟངས་སྟབས་ངོམ་སོང་། །

ནགས་ཚལ་གཡུ་ལོའི་ཚལ་དུ། །

ཁུ་བྱུག་གསུང་སྐད་ལྷང་ལྷང་། །

མི་ཚེ་དབྱངས་ལ་བསྡེབས་ཏེ། །

སྐྱིད་པའི་གླུ་ཆུང་བླངས་ཡོད། །