འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་བདེ་སྐྱིད་སྒྲོལ་དཀར་གྱིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་ཇུས་འགོད་གནང་བ་མ་ཟད། ལྷག་པར་དུ་ཉེ་དུས་གནང་བའི་མཛུབ་སྟོན་གལ་ཆེན་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་བླང་བྱ་ཁ་གསལ་བཏོན་གནང་ནས། ང་ཚོས་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་སྟེ་རྒྱུན་དུ་སློབ་སྦྱོང་བྱས་ནས་གོ་རྟོགས་ཆེ་རུ་གཏོང་བ་དང་། རྒྱུན་དུ་བསམ་བློ་བཏང་ནས་ཡར་རྒྱས་ཡོང་བར་བྱེད་པ། རྒྱུན་དུ་ལག་ལེན་བསྟར་ནས་གྲུབ་འབྲས་ཐོབ་པ་བཅས་བྱེད་དགོས། གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས། དཔེ་མཚོན་གྱོད་དཔེ་ལས་ཉེན་ཟོན་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། སློབ་སྦྱོང་སློབ་གསོའི་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་དམར་ཐིག་གསལ་པོ་བཟོ་བ། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རང་འགུལ་ངང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། སྒྲིག་ཁྲིམས་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྲིད་ཁྲིམས་ལས་དོན་འགན་ལེན་དང་ཞབས་འདེགས་ཞུ་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་རྒྱུན་རྣམ་ཅན་དང་ཕུགས་ཕན་ངང་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་རྒྱུན་མཐུད་ངང་དམིགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་བར་ཕན་འབྲས་དངོས་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།