འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱིས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་དང་མཉམ་འབྲེལ་བྱས་ཏེ། ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།
བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་སེ་ར་དགོན་གྱི་འཛུལ་སྒོའི་ལམ་དུམ་དུ་ཞིབ་བཤེར་ས་ཚིགས་བཙུགས་ནས་འགྲུལ་སྐྱེལ་རླངས་འཁོར་དཀྱུས་མ་ཆུང་གྲས་དང་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ལ་ལྟ་འདོམས་དང་ཞིབ་བཤེར་བྱེད་པར་གཙོ་གནད་དུ་ཤུགས་སྣོན་བརྒྱབ་སྟེ། དོགས་ཡོད་རླངས་འཁོར་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་ཁྲོད་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་བཟོ་ཡོད་པའི་རླངས་འཁོར་ཞིག་རྩད་ཆོད་པ་རེད། རྩད་ཆོད་པའི་ཁ་ལོ་བ་བསྟན་ཆེ་གེ་མོས་རང་ཉིད་ཀྱིས་དྲ་འབོད་རླངས་འཁོར་གྱི་ལས་སྟེགས་ཤིག་ནས་མངགས་ཐོ་བླངས་ཏེ་འགྲུལ་པ་དབོར་བ་ཡིན་ཞེས་བརྗོད། རྩད་ཆོད་པའི་སྐབས་སུ་རླངས་འཁོར་ནང་འགྲུལ་པ་གཉིས་བླུགས་ནས་ཞོལ་གྲོང་གསར་ལམ་དུ་སྐྱེལ་བར་འགྲོ་བཞིན་ཡོད། ཞིབ་དཔྱད་བྱས་པ་བརྒྱུད། བསྟན་ཆེ་གེ་མོར“དྲ་འབོད་རླངས་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར”དང“དྲ་འབོད་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར”གང་ཡང་མེད་པས། ཁོ་པར་ཁྲིམས་མཐུན་གྱི་སྐྱེལ་འདྲེན་ཆ་རྐྱེན་འཛོམས་མེད་པ་རེད། མི་དམངས་ཉེན་རྟོག་པས་འཕྲལ་དུ་བསྟན་ཆེ་གེ་མོ་དང་རླངས་འཁོར་ནང་གི་འགྲུལ་པར་བདེ་འཇགས་སློབ་གསོ་དང་ཁྲིམས་ལུགས་ཁྱབ་གདལ་བཏང་བ་མ་ཟད། ཁ་ལོ་བ་དང་རླངས་འཁོར་དེ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་ལ་རྩིས་སྤྲད་ནས་སྔར་བས་ཐག་གཅོད་བྱ་རྒྱུ་རེད།
འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།