འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་ཁང་དང་མཐོ་སློབ་དབར་མཉམ་ལས་གཏིང་ཟབ་དང་མཉམ་འགུལ་བཟང་པོར་སྐུལ་འདེད་གཏོང་བ་དང་། གཞོན་ནུ་སློབ་མའི་ཁྲིམས་སྐྱོང་བསམ་བློ་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱས་ནས། དུས་རབས་གསར་པའི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གཞོན་ནུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་སོགས་ཚན་པ་དང་སློབ་གླིང་དང་མཉམ་དུ་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་ནས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཚོས་གསོན་ཉམས་དོད་ལ་སློབ་གསོའི་དོན་སྙིང་ལྡན་པའི་བཅའ་ཁྲིམས་ལག་ལེན་དངོས་ཀྱི་ཉམས་ལེན་ཐུབ་པར་བྱས་ཡོད།
ད་ཐེངས་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་བ་ལས་དགེ་སློབ་ཚོས་ཁྲིམས་རའི་རྔམ་ཟིལ་དང་བརྗིད་ཉམས་དངོས་སུ་ཉམས་ལེན་ཐུབ་པ་མ་ཟད། ཁྲིམས་སྐྱོང་གི་ཡིད་དབང་འཕྲོག་ཤུགས་དང་རིན་ཐང་ཡང་མྱོང་ཚོར་ཟབ་མོ་ཐུབ་ཡོད་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་བྱེད་སྒོར་ཞུགས་མཁན་སློབ་གྲོགས་ཚོས་ད་ཐེངས་ཀྱི་ལད་མོའི་ཁྲིམས་རའི་བྱེད་སྒོ་དེ་ཁོང་ཚོའི་ངོས་ནས་བརྗོད་ན་རྩ་ཤིན་ཏུ་ཆེ་བའི་ཉམས་མྱོང་ཞིག་ཡིན་པ་དང་། དེ་ལས་ཁོང་ཚོས་བཅའ་ཁྲིམས་ཀྱི་ཤེས་བྱར་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་པ་དང་། ཁྲིམས་སྐྱོང་དོན་གཉེར་བྱེད་པའི་ཁོང་ཚོའི་ཕུགས་འདུན་གསར་པ་མངོན་པར་བྱས་པ་དང་ཆབས་ཅིག ཁོང་ཚོར་ཉེན་ཁའི་དུས་སུ་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་དང་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རོགས་བྱས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།