《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས།

དངུལ་ལོར་རྫུན་མར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་དང་རལ་སྐྱོན་ཤོར་བའི་དངུལ་ལོར་དང་དངུལ་སིལ་མ་བརྗེ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས“དངུལ་ལོར་རྫུན་མར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ”གོ་སྐབས་སུ་བྱས་ནས་དགོན་སྡེའི་ཉེ་འཁོར་དུ་མི་རྒྱུན་ཆེ་ལ་གཅིག་སྡུད་ཆེ་བའི་ཁྱད་ཆོས་ལ་གཞིགས་ཏེ། བོད་ལྗོངས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་དང་མཉམ་དུ་བྱམས་པ་གླིང་དགོན་དུ་དངུལ་ལོར་རྫུན་མར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་དང་རལ་སྐྱོན་ཤོར་བའི་དངུལ་ལོར་དང་དངུལ་སིལ་མ་བརྗེ་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དངུལ་ཁང་གི་ལས་དོན་མི་སྣས་ས་ཆ་མངོན་གསལ་དོད་སར་འགྲེམས་སྟེགས་བཙུགས་ཏེ་དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བོད་སྐད་ནས་འགྲེལ་བཤད་རྒྱག་པ། དངུལ་ལོར་ངོ་མ་དང་རྫུན་མ་དབྱེ་འབྱེད། དཔེ་མཚོན་གྱོད་དཔེ་གསལ་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་འགྲོ་འོང་མང་ཚོགས་ལ་དངུལ་ལོར་རྫུས་མར་ངོ་རྒོལ་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་དང་དེ་བཞིན་དངུལ་སྨར་མི་ལེན་པའི་བྱ་སྤྱོད་བཅོས་སྒྲིག་བྱེད་པའི་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་དངུལ་ལོར་རྫུན་མ་དབྱེ་འབྱེད་ཀྱི་འཇོན་ཐང་ཆེ་རུ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁོང་ཚོར་བདེ་འཇགས་ངང་དངུལ་སྨར་སྤྱོད་པ་དང་རང་ངོས་ཀྱི་དངུལ་སྨར་སྤྱོད་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་རོགས་བྱེད་པ། རང་ཉིད་ཀྱི“དངུལ་ཁུག”ཏན་ཏིག་སྲུང་བ་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱས་པ་རེད། བྱེད་སྒོར་བསྡོམས་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་1000ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་20ལྷག་ཙམ་གྱི་བློ་འདྲིར་ལན་བརྒྱབ་པ། ས་གནས་ས་ཐོག་ཏུ་མི་དམངས་ཤོག་སྒོར་བདེན་རྫུན་དབྱེ་འབྱེད་ཐེངས་10ལྷག་ཙམ་བྱས་པར་མང་ཚོགས་500ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)