《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀའི་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་པ།

ཁྲིམས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྲིམས་འཛིན་ གཞུང་དྲང་ལ་མཉམ་དུ་སྲུང་སྐྱོང་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་དགེ་མཚན་ལྡན་པའི་མཉམ་འགུལ་གཏིང་ཟབ་བྱེད་པ་དང་། ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་2024ལོ་འཁོར་གྱི་ལས་ཀའི་སྤེལ་རེས་གྲོས་མོལ་ཚོགས་འདུ་འཚོགས་ནས་ལས་ཀའི་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་པ་རེད།

ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ཚང་མ་ནི་ཏང་གི་འགོ་ཁྲིད་གཙང་བཙན་འོག་གི་ཆབ་སྲིད་ལས་ཁུངས་ཤིག་ཡིན་པས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་ལེན། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བཅས་བྱེད་པའི་འགན་འཁྲི་དང་ལས་འགན་མཉམ་དུ་འཁུར་བཞིན་ཡོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀའི་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་བླང་བྱ་ཐུན་མོང་ཐོག་དོན་འཁྱོལ་དང“ཁང་གཉིས”ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཁྲིམས་འཛིན་གཞུང་དྲང་ལ་མཉམ་དུ་སྐུལ་འདེད་གཏོང་བ། དེ་བས་མཐོ་བའི་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་གྱི་དགོས་མཁོར་ལན་སློག་པ་བཅས་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་བཅས་ཡིན་པས། ཁྲིམས་སྐྱོང་ལས་ཀའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱོད་སྒྲུབ་ཀྱི“ཕན་འབྲས་གསུམ”གཅིག་གྱུར་ནུས་ལྡན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀའི་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་ཏེ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི“ལས་འགན་ཁག་བགོས་ཀྱིས་འགན་འཁྲི་འཁུར་བ་དང་། ཕན་ཚུན་གཞོགས་འདེགས་བྱེད་པ། ཕན་ཚུན་ཚོད་འཛིན་བྱེད་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་གང་ལེགས་བྱས་ནས་སྤེལ་རེས་དང་ཕན་ཚུན་སྐུལ་འདེད་གཏོང་རིང་ཆབ་སྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་གི་མཉམ་ཤུགས་དེ་བས་ལེགས་པའི་ངང་གཅིག་ཏུ་སྒྲིལ་བ་དང་། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི“རྒྱུགས་ལན”ཐུན་མོང་ཐོག་འབུལ་བ། འགན་འཁྲིའི་བསམ་པ་ཆེན་པོ་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་རམ་འདེགས་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད། ཕྱོགས་གཉིས་དབར་རོགས་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་གྱི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོཌ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་སོགས་ལ་དམིགས་ཏེ། དགེ་མཚན་ལྡན་པའི་མཉམ་འགུལ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་མང་དུ་གཏོང་བ་དང་། གཏིང་ཟབ་ཚད། རྒྱ་ཆེ་ཚད་བཅས་ཆེ་རུ་བཏང་ནས་མཉམ་དུ་གྲོས་བསྡུར་བྱེད་རིང་ཐུན་མོང་གི་ངོས་འཛིན་ཆགས་པ་དང་། ཐུན་མོང་གི་ངོས་འཛིན་ཁྲོད་མཉམ་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་མཉམ་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།

(བསྟན་བཟང་གིས་བསྒྱུར། བདེ་དབང་གིས་ཞུས)