འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཁ་རུབ་ཆུས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་ལྗོངས་སྐྱེ་ཁམས་ཁོར་ཡུག་ཡན་ལག་ཅུས་དང་། ལྗོངས་ཞིང་ལས་གྲོང་གསེབ། ཚན་རྩལ་ཅུས། ལྗོངས་ཆུ་བེད་ཅུས་སོགས་ཚན་པ་དྲུག་དང་མཉམ་དུ་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་ཐང་ཆེན་དུ“སྐྱེ་ཁམས་ཤེས་དཔལ་དར་སྤེལ་གྱིས། ལྗང་མདོག་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐྱེ་ཁམས་ཤེས་དཔལ་གྱི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་མང་ཚོཌ་ལ《རྩ་ཁྲིམས》དང་། 《དམངས་དོན་ཁྲིམས་གཞུང》 《ཉེས་ཁྲིམས》 དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་མ་ཟད། དཔེ་མཚོན་གྱོད་དཔེ་དྲངས་ཏེ་མང་ཚོགས་ལ་རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པའི་ཁྲིད་སྟོན་ཧུར་ཐག་བྱས་པ་མ་ཟད། མང་ཚོགས་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།
ད་རེས་ཀྱི་བྱེད་སྒོའི་ནང་། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་1500ལྷག་ཙམ་སྤྲད་ཅིང་། སེན་གཏུབ་དང་། རས་ཁུག གཙང་ཤོག སྦི་ཅི་ལི། ཉི་གདུགས། ལྟོ་སྣོད་ཆ་སྒྲིག་མ་སོགས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་800ལྷག་ཙམ་སྤྲད་པ་དང་། མང་ཚོགས་600ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)