སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ནི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ད་ལོ་ནས་བཟུང་དམངས་ཆེད་ཁྲིམས་སྐྱོང་གི་དམིགས་ཡུལ་ལག་ལེན་གཏིང་ཟབ་བསྟར་བ་དང་། “ཕོད་པ་བཞིའི”སྙིང་སྟོབས་མུ་མཐུད་དར་སྤེལ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་ནས་མང་ཚོགས་ལ་དེ་བས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ། ཀུན་ཕན་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཐོབ་ཐབས་རྒྱུན་ཆད་མེད་པར་བྱས་ཡོད།
འགན་ལེན་ནུས་པ་ཆེ་རུ་བཏང་ནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཞན་ཆ་བསལ་བ།
གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་ལམ་སྲོལ་གསར་གཏོད་དང་། ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། མཉམ་འདྲེས་ཞབས་ཞུའི་ནུས་པའི་འབྲེལ་ཐག་རྒྱ་ཆེར་གཏོང་བ་བཅས་བྱས་ནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དེ་བས་སྟབས་བདེ་དང་། གནད་སྨིན། རྒྱ་ཆེ་བཅས་ཡོང་བར་བྱས་ཡོད།
གྲོང་ཁྱེར་རིམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་བཅའ་ཁྲིམས་བློ་འདྲི་དང་། བཅའ་ཁྲིམས་རོགས་སྐྱོར། མི་དམངས་འདུམ་འགྲིག གཞུང་དཔང་ཞབས་ཞུ། སྲིད་འཛིན་བསྐྱར་གྲོས་སོགས་ཞབས་ཞུའི་སྐར་ཁུང་14བཙུགས་པ་དང་། སྔར་བས་འཐུས་སྒོ་ཚང་བའི་རིག་ནུས་ལས་སྟེགས་བསྐྲུན་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་རིག་ནུས་མཐའ་སྣེའི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་བཅའ་ཁྲིམས་བློ་འདྲི་དང་འདྲི་རྩད་ཞབས་ཞུའི་ནུས་པ་གཞི་གཅིག་ཏུ་འདུས་པའི་ནང་བཅའ་ཁྲིམས་འཕྲུལ་མིའི་དྲིས་ལན་དང་། ཁྲིམས་གཅོད་གྱོད་དཔེ། ཡིག་ཆའི་མ་དཔེ། འགྲོ་གྲོན་རྩིས་རྒྱག་སོགས་ཀྱི་ནུས་པ་ཚུད་ཡོད་པ་རེད།
ཇོ་མོ་གླང་མ་གཞུང་དཔང་ཁྲུའུ་ཡི་ལག་ཁྱེར་གཉེར་བའི་མ་ལག་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་ཚན་ཚན་ཕྲེང་འབྲེལ་གྱི་གློག་རྡུལ་གཞུང་དཔང་ལག་ཁྱེར་ནང་འདྲེན་བྱས་པ་དང་འབྲེལ། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དངུལ་ཁང་གི་དྲ་ཚིགས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། “འབྲེལ་གཏུག་བྱེད་མི་དགོས་པའི”རྒྱང་ཁྲིད་བརྙན་ལམ་དང་གློག་རྡུལ་གཞུང་དཔང་ལག་ཁྱེར་ཟུང་འབྲེལ་མངོན་འགྱུར་བྱས་ཏེ། གཞུང་དཔང་ལག་ཁྱེར་ཤོག་ཐོག་ནས་སྐྱེལ་སྤྲོད་བྱེད་པ་ནས་དྲ་ཐོག་ནས་སྐྱེལ་སྤྲོད་བྱེད་པར་བསྒྱུར་བ་དང་། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་རྩོད་གཞི་དང་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་སོགས་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་13བཙུགས་པ་དང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མི་དམངས་འདུམ་འགྲིག་ལས་དོན་གྱི“དཔུང་ཁག་བཞིའི”ཤེས་ལྡན་པའི་མཛོད་བཙུགས་ནས་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་331བཀོད་སྒྲིག་བྱས་ཡོད།
གཞིས་རྩེ་འདུམ་གཅོད་ཨུ་ལྷན་བཙུགས་ནས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཟབ་པ་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་འདུམ་གཅོད་པ་181གདན་དྲངས་ཏེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་སྤུས་ལེགས་དང་ནུས་ཆེའི་འདུམ་གཅོད་ཞབས་འདེགས་ཞུས་པ་རེད།
ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས།
སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་འགག་གནད་བསལ་བ།
གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་བློ་བརྟན་འགྱུར་མེད་ངང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། གྲངས་འཛིན་ནུས་སྤྲོད་འཚོལ་ཞིབ་བྱེད་པ། ཕྱོགས་གཉིས་ཀས་མུ་མཐུད་ཤུགས་རྒྱག་པ། ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམངས་ལ་ཕན་པ་དང་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་སྤྱོད་ལ་བརྟེན་ནས་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ“བར་ཐག་མེད་པ”མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད།
“ཇོ་མོ་གླང་མའི་བཅའ་ཁྲིམས་ཁྱབ་གདལ”གྱི་སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས“བློ་རིག་བཅའ་ཁྲིམས་ཞབས་ཞུའི”དཔེ་དབྱིབས་གཏོད་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྦར་མཐིལ་ཞབས་ཞུའི་ཚོམས་ཆེན་བཟོ་བ། བཅའ་ཁྲིམས་རོགས་སྐྱོར་དང་། ཁྲིམས་རྩོད་པ། གཞུང་དཔང་བཅས་བརྙན་ལམ་བློ་འདྲིའི་ཆེད་སྤྱོད་ཁག་གསུམ་གཏོད་པ་མ་ཟད། བཅའ་ཁྲིམས་རོགས་སྐྱོར་ལས་དོན་མི་སྣ་དང་། ལས་གཉེར་ཁྲིམས་རྩོད་པ། གཞུང་དཔང་བ་བཅས་ཀྱིས་རིག་ནུས་མཐའ་སྣེ་སྤྱད་དེ་རིན་མི་དགོས་པར“ངོ་ཐུག་གདོང་འཕྲད”ཀྱི་དྲ་ཐོག་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་མི་ཐེངས་ཁྲི་1.6ལྷག་ཙམ་གྱིས་རིག་ནུས་མཐའ་སྣེ་དང“བློ་རིག་བཅའ་ཁྲིམས་ཞབས་ཞུའི”བྱ་རིམ་ཆུང་གྲས་སྤྱོད་བཞིན་ཡོད་པ་རེད།
སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དམངས་ཕན་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བར་དམིགས་ནས་སྔ་རྗེས་སུ་གྲོང་ཁྱེར་ཡིག་སྐུར་ངོ་བཅར་དང་། མི་སྤྱི་ཅུས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁྲིམས་ཁང་། སྲིད་དོན་ཞབས་ཞུ་ལྟེ་གནས། བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་སོགས་མང་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་ཆེ་བའི་ཚན་པ་དང་། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ(སྡེ་ཁུལ)བཅས་སུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་རིག་ནུས་མཐའ་སྣེ་79སྒྲིག་སྦྱོར་བྱས་ཏེ་མང་ཚོགས་ལ་ཐག་ཉེ་ས་ནས་རིག་ནུས་མཐའ་སྣེ་བེད་སྤྱོད་དང་འབྲེལ་ཡོད་ལས་སྒོ་གཉེར་བར་སྟབས་བདེ་བསྐྲུན་པས་ཉམས་ལེན་གྱི་ཚོར་སྣང་ཟབ་ཏུ་ཕྱིན་ཡོད།
མང་ཚོགས་ཀྱི་དགོས་མཁོར་དམིགས་ནས།
སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།
གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་མི་དམངས་ཀྱི་རེ་འབོད་ལ་ཁྲིམས་འཛིན་གྱིས་དང་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ལ་རྒྱུན་གཏན་འཚོ་བ་དང་ལས་ཀའི་ཁྲོད་འཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་དང་གྲོང་ཁྱེར་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ལ་བརྟེན་ནས“གཅིག་འཐུས་རྣམ་པའི”ཞབས་ཞུ་དང་རྩོད་གཞི“སྦབ་ཆ་གཅིག”ཐག་གཅོད་བྱས་པ་རེད།
མི་དམངས་ཀྱིས་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི“འགོག་སྲུང་འཛིང་རགས་དང་པོའི”ནུས་པ་གང་ལེགས་བཏོན་ཏེ་ཕྱོགས་ཡོངས་ལ་ཁྱབ་པ་དང་ཕྱོགས་ཡོངས་དང་རིམ་པ་མང་པོར་གྲལ་བཤེར་བྱས་ཏེ། དུས་ཐོག་ཏུ་སྣང་ཚུལ་ཤེས་རྟོགས་དང་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་བྱས་ཤིང་། རིམ་རྩིས་བརྒྱབ་ན་རྩོད་གཞི་ཐེངས་13636གྲལ་བཤེར་བྱས་པ་དང་། རྩོད་གཞི་292སྔོན་འགོག་བྱས་པ། གྱོད་གཞི་1179འདུམ་འགྲིག་བྱས་པ། གྱོད་གཞི་1113འདུམ་འགྲིག་ལེགས་འགྲུབ་བྱུང་བ་དང་། ལེགས་འགྲུབ་བྱུང་ཚད་94.4%ཟིན་གྱི་ཡོད་པ་རེད།
རྒན་རྒོན་དང་། ཉམས་ཞན། ནད་པ། དབང་སྐྱོན་སོགས་ལ་དམིགས་ནས“ལྗང་མདོག་བགྲོད་ལམ”བཏོད་པ་དང་། གཞུང་དཔང་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ། ལྷག་པར་དུ་འགྲོ་སྐྱོད་སྟབས་བདེ་མེད་པའི་མང་ཚོགས་ལ་སྒོ་རྩར་གཞུང་དཔང་ཞབས་ཞུ་མཁོ་འདོན་བཅས་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལག་ཁྱེར་གཉེར་ས་ཐག་རིང་བ་དང་། ལག་ཁྱེར་གཉེར་དཀའ་བ། ལས་དོན་སྒྲུབ་པའི་མ་གནས་མཐོ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་པ་དང་། རིམ་རྩིས་བརྒྱབ་ན་གཞུང་དཔང་ལས་སྒོ་1270བསྒྲུབས་ཏེ་ལས་ཆོད་ཆེ་བ་དང་སྟབས་བདེ་བའི་གཞུང་དཔང་ཞབས་ཞུ་མང་ཚོགས་གིས་མྱོང་ཚོར་ཐུབ་པ་བྱས་ཡོད།
བཅའ་ཁྲིམས་རོགས་སྐྱོར་གྱི“འཁྱག་དུས་གོས་དང་ལྟོགས་དུས་ཟས”ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཞིང་འབྲོག་པར་གླ་ཆ་འདེད་ལེན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱི“མྱུར་བགྲོད་ལམ་བུ”བཏོད་པ་དང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ཉེས་དོན་གྱོད་གཞི་འདྲི་གཅོད་བྱེད་པའི་དུས་མཚམས་སུ་ཁྲིམས་རྩོད་པའི་དག་འབུད་ཁྱོན་ཡོངས་ལ་ཁྱབ་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་རིམ་རྩིས་བརྒྱབ་ན་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་632བསྒྲུབས་ཡོད་པ་རེད།