《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月10日

༄༅། །བཤེས་གཉེན་ལ་བསྟོད་པའི་སྙན་ངག

—— དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་ཕུལ།

སྤེན་ཚེ་གཞོན་པ།

ལྷུན་བརྗིད་དཔལ་འབར་ལྟ་ན་སྡུག་པའི་སྐུ། །

སྙན་འཇེབས་ལེཊ་བཤད་བདུད་རྩི་འཇོ་བའི་གསུང་། །

བརྩེ་བ་ཆེན་པོས་སློབ་བུ་སྐྱོང་བའི་ཐུགས། །

བཤེས་གཉེན་དམ་པའི་ཡོན་ཏན་ཡང་ཡང་དྲན། །

བདག་བློ་མ་རིག་མུན་པའི་གཏིང་རུམ་དུ། །

ཡང་ཡང་འཕྱན་ཏེ་ཅི་ཡང་མི་མཐོང་དུས། །

ཤེས་རིག་འོད་སྣང་ཕང་མེད་སྩོལ་བ་ཡི། །

བཤེས་གཉེན་སྣང་གསལ་སྒྲོན་མེ་གཙུག་ཏུ་མཆོད། །

ཐན་པས་གདུང་བའི་གསར་སྐྱེས་ཞ་ལུ་ལ། །

ཤེས་རིག་བདུད་རྩིའི་སྦྲང་ཆར་འཇོ་བ་ཡི། །

དུས་ཐོག་ཆར་དང་ཡང་དག་མཚུངས་པ་ཡི། །

དགེ་བའི་བཤེས་གཉེན་ནམ་ཡང་གཙུག་ཏུ་མཆོད། །

རང་གི་བདེ་བ་རྩྭ་ལྟར་དོར་བྱས་ནས། །

ཉིན་མཚན་ཐུན་དྲུག་བུ་ལ་ཕྱོགས་པ་ཡི། །

གཞན་ཕན་ལྷག་བསམ་དཀར་བའི་བཤེས་གཉེན་ཁྱེད། །

ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར་ཡུལ་ལགས། །

རྟག་གུས་བརྩོན་པས་སྔ་ལངས་འཕྱི་ཉལ་གྱིས། །

རང་ཕྲུག་བཅོལ་ནས་གཞན་ཕྲུག་སྐྱོང་ཚུལ་དེས། །

མར་མེ་མཚན་འབར་དཔེ་ཟླར་མཚུངས་པའམ། །

རྟ་བདུན་དབང་པོ་གང་དང་ཡོངས་སུ་མཚུངས། །

རང་གི་འབྱུང་བཞིའི་འདུ་བ་འཁྲུགས་གྱུར་ནས། །

ཟུག་རྔུས་གཙེས་ཀྱང་སྙིང་གི་བུ་དག་ལ། །

བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་མཛད། །

བཤེས་གཉེན་དམ་པ་ས་སྟེང་མི་ཡི་རྒྱན། །

ལང་ཚོའི་མེ་ཏོག་བ་མོས་བཅོམ་ན་ཡང་། །

སེམས་ཀྱི་ཁང་པར་ད་དུང་བུ་དག་ཉར། །

ལུས་པོ་རྒས་ཀྱང་སེམས་པ་མི་རྒ་བའི། །

བཤེས་གཉེན་དམ་པ་གཙུག་གི་རྒྱན་དུ་མཆོད། །

སྐུ་ཚེ་གང་པོ་གཞན་དོན་འབའ་ཞིག་ལ། །

ཕུལ་བར་གྱུར་ཀྱང་ཐོབ་དང་གོ་ས་སོགས། །

ལན་དུ་མི་རེ་དམའ་ས་འཛིན་པ་འདི། །

བཤེས་གཉེན་དམ་པའི་སྤྱོད་པ་སྐྱོང་ཚུལ་ཡིན། །

མི་དག་སེམས་ཀྱིས་ལྗོན་ཤིང་བསྲེགས་པ་ལ། །

ལེགས་བཤད་གཏམ་གྱི་སྦྲང་ཆར་འཇོ་བ་དང་། །

ཡང་དག་ལམ་ལ་མཛུབ་མོས་རི་སྟོན་མཁན། །

བུ་ངས་ནམ་ཡང་གཙུག་གི་རྒྱན་དུ་མཆོད། །

བློ་མིག་ལྡོང་བའི་སློབ་མའི་ཚོགས་རྣམས་ལ། །

འཇུངས་མེད་བྱམས་བརྩེས་ཡང་ཡང་སྐྱོང་བ་དང་། །

ངང་རྒྱུད་རིང་པོས་མ་བཞིན་སྐྱོར་མཛད་པ། །

བཤེས་གཉེན་དམ་པ་སེམས་ཀྱི་སྒྲོན་མེ་ལགས། །