《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月03日

ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

རིག་ལྡན་ཁྲིམས་ཁང་སྤྱོད་རྒྱུར་སྐུལ་འདེད་བཏང་ནས་འདྲི་གཅོད་ཀྱི་སྤུས་ཕན་ལེགས་སུ་གཏོང་རོགས་བྱས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་8ཚེས་19ཉིན་གྱི་ཕྱི་དྲོ། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཚན་རྩལ་ཁྲིམས་ཁང་དང་སི་ཁྲོན་ཞིང་ཆེན་ཀོང་ཡོན་བཙོན་ཁང་གིས་རྒྱང་ཁྲིད་ཉེས་དོན་གྱོད་གཞི་བཙོན་བཏོན་ཞུ་ལེན་གྱི་ལས་དོན་ཞིག་བདེ་བླག་ངང་བསྒྲུབས་ཡོད། གླེང་རེན་ཡོད་པ་ཞིག་ལ་ད་ཐེངས་ཀྱི་བཙོན་བཏོན་ཞུ་ལེན་ནང་ཆ་འཕྲིན་ཅན་གྱི་བྱེད་ཐབས་གང་ལེགས་སྤྱད་ནས་ས་ཁོངས་ཀྱི་ཚོད་འཛིན་མེད་པ་བཟོས་ཏེ་ཁྲིམས་འཛིན་གྱི་ལས་ཕྱོད་ཆེ་རུ་བཏང་བ་རེད།

རྒྱང་ཁྲིད་བཙོན་བཏོན་ཞུ་ལེན་གྱི་ལས་དོན་བདེ་བླག་ངང་སྒྲུབ་ཆེད། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལག་རྩལ་ཆ་འཕྲིན་ཁྲུའུ་ཡི་ཤུགས་ཆེའི་རྒྱབ་སྐྱོར་དང་སི་ཁྲོན་ཀོང་ཡོན་བཙོན་ཁང་གི་གཞོགས་འདེགས་དམ་ཟབ་འོག ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་རྩལ་ཆ་འཕྲིན་ཁོའོ་ཡིས་སྔ་སྣུར་ནས་རྒྱང་ཁྲིད་བཙོན་བཏོན་ཞུ་ལེན་མ་ལག་ལ་ཕྱོགས་ཡོངས་ནས་སྙོམ་སྒྲིག་ཚོད་ལྟ་དང་ཞིབ་བཤེར་ཚད་ལེན་བྱས་པ་མ་ཟད། ཆེད་ལས་ལག་རྩལ་པར་གཞོགས་འདེགས་བྱས་ནས་བཙོན་བཏོན་ཞུ་ལེན་བྱ་ཡུལ་མཁོ་འདོན་བྱས་ཏེ་བཙོན་བཏོན་ཞུ་ལེན་བྱེད་རིང་བརྡ་རྟགས་བརྟན་པོ་དང་། བརྙན་གསལ་པོ། སྒྲ་གསལ་པོ་བཅས་ཡོང་བར་འགན་ལེན་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས། སྲོལ་རྒྱུན་གྱི་བཙོན་བཏོན་ཞུ་ལེན་གྱི་བྱེད་ཐབས་དང་མི་འདྲ་བར་ད་ཐེངས་ཀྱི་རྒྱང་ཁྲིད་བཙོན་བཏོན་ཞུ་ལེན་གྱིས་མི་རྒྱུ་དངོས་གསུམ་གྲོན་ཆུང་ཤུགས་ཆེན་བྱས་ནས། ཐག་རིང་པོར་འགྲོ་མི་དགོས་པ་དང་། ལྟ་སྐྱེལ་གྱི་ཉེན་ཁ་ཆུང་དུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཁྲིམས་འཛིན་གྱི་ནུས་ཕྱོད་ཆེ་རུ་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། འདྲི་གཅོད་རྒྱང་ཁྲིད་བཙོན་བཏོན་ཞུ་ལེན་གྱི་ལས་དོན་སྔར་བས་ཁྱབ་གདལ་དང་འཐུས་སྒོ་ཚང་དུ་གཏོང་བར་རྩ་ཆེའི་ཉམས་མྱོང་བསགས་ཡོད་ལ། ཁྲིམས་འཛིན་ལས་དོན་ནུས་པ་ཆེན་པོའི་ངང་སྤེལ་བར་བསམ་ཕྱོགས་དང་བྱེད་ཐབས་གསར་པ་ཡང་མཁོ་འདོན་བྱས་ཡོད་པ་རེད།