འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་ལས་བགོས་འགན་གཉེར་སྡེ་ཚན་དང་ཚན་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་ལེན་པ་དང་ཟུང་འབྲེལ་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་ལོ་སྨད་ཀྱི་ལས་དོན་ལ་བཀོད་སྒྲིག་གལ་ཆེན་གནང་བ་དོན་འཁྱོལ་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་སྔོན་དཔག་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས།