《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年08月06日

སྒར་རྫོང་སྤྱི་བདེ་ཅུས་ཀྱིས།

དབྱར་དུས་བདེ་འཇགས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ མུ་མཐུད་གཏིང་ཟབ་སྤེལ་བ།

འདི་ནི་སྒར་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་བྱ་སྤྱོད་སྤེལ་བར་གྲ་སྒྲིག་ཨང་བསར་བྱེད་བཞིན་པ།

→ འདི་ནི་མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་བཞིན་པ།

↓ འདི་ནི་མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་དང་སྔོན་འགོག་ས་ཚུགས་སུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། མངའ་རིས་ས་ཁུལ་སྒར་རྫོང་སྤྱི་བདེ་ཅུས་ཀྱིས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་བཀོད་སྒྲིག་བླང་བྱར་ནན་པོར་གཞིགས་ཏེ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་ཟང་ཟིང་ཁུལ་དང་དབྱར་དུས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཆོས་ཉིད་ལ་དམིགས་པ་དང་། རྡུང་རྡེག་དང་། སྔོན་འགོག དོ་དམ་ཚོད་འཛིན་སོགས་ཀྱི་ལས་ཀའི་བྱེད་ཐབས་ལ་དམ་འཛིན་ནན་པོ་བྱེད་པ། ཁྲོམ་གཞུང་དུ་ཉེན་རྟོག་པས་ལས་དོན་སྒྲུབ་ཚད་དང་དོ་དམ་བྱེད་ཚད་མུ་མཐུད་མཐོ་རུ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ། སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་ཧུར་ཐག་གཏོད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད།

བྱ་སྤྱོད་སྤེལ་རིང་རྫོང་སྤྱི་བདེ་ཅུས་ཀྱིས་ཞང་ཞུང་མཚན་མོའི་ཁྲོམ་ར་དང་རིག་གནས་ཐང་ཆེན་དུ་དྲིལ་བསྒྲགས་སྔོན་འགོག་ས་ཚིགས་བཙུགས་ཏེ། ཉེན་རྟོག་པ་དང་སྡེ་ཚན་ཁག་གིས“རྐུ་འཕྲོག་ཁ་བསླུས”དང་། དྲ་རྒྱའི་བདེ་འཇགས། མེ་ཟོན་བདེ་འཇགས། གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་སོགས་ལ་དམ་པོར་དམིགས་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། དེའི་རིང་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ལ་བདེ་འཇགས་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་སྣ་ཚོགས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་རང་རྟོགས་ཁྲིམས་སྲུང་གི་འདུ་ཤེས་དང་། བདེ་འཇགས་དོགས་ཟོན་གྱི་འདུ་ཤེས། རང་ངོས་སྲུང་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་མ་ཟད། མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ལ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཞུ་འབུལ་དང་ཐེར་འདོན་ཧུར་ཐག་བྱེད་པར་ལྕག་སྐུལ་བྱས་ནས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་དང་མཉམ་ལས་བྱེད་པའི་རྣམ་པ་ཡག་པོ་ཞིག་བཏོད་ཡོད།

རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་དབྱར་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལམ་ངོས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་ཁུལ་གྱི་ལམ་དུམ་གཙོ་བོ་དང་། ལས་འཛོལ་ཐོན་སླ་བའི་ལམ་དུམ། གྲོང་གསེབ་ཀྱི་གཞུང་ལམ་སོགས་ལ་ངེས་མེད་སྐོར་གཡེང་དང་ས་ཚིགས་བཙུགས་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ“ཚད་བརྒལ་གསུམ་དང་ངལ་དུབ་གཅིག”དང་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་མ་ཐོན་སྔོན་འགོག་ནན་པོ་བྱེད་པ། མཚན་མོའི་ཞིབ་བཤེར་བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།

གོམ་སྟབས་རྗེས་མར་སྒར་རྫོང་སྤྱི་བདེ་ཅུས་ཀྱིས་དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། འདུས་ཚད་ཆེ་བ་དང་ཐེངས་གྲངས་མང་བའི་སྐོར་ཞིབ་དྲིལ་བསྒྲགས་དང་སྔོན་འགོག་རྒྱུན་འཁྱོངས་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གང་ཐུབ་ཅི་ཐུབ་ཀྱིས་སེལ་བ་བཅས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།