《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月23日

གམ་པ་རྫོང་དུ་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས།

“མཐའ་མཚམས་སུ་བཅའ་ཁྲིམས་ཁྱབ་གདལ་དང་མི་སེར་ལ་ཕན་པ་འདོགས་པའི”སྐོར་སྐྱོད་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ།

འདི་ནི་ལུང་རོང་ཤང་སྐོར་སྐྱོད་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། མཐའ་མཚམས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་མཚམས་གྲོང་ཚོའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མཐའ་སྟོབས་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་ལས་དོན་ལ་ཞབས་འདེགས་དང་འགན་ལེན་བྱེད་པའི་ཁྲོད་ཀྱི་མི་དམངས་ཁྲིམས་ཁང་གི་འགན་ནུས་ཏན་ཏིག་འདོན་ཆེད། ཉེ་ཆར། གམ་པ་རྫོང་དུ་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཁྲིམས་དཔོན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ལུང་རོང་ཤང་གོག་ཚོ་གྲོང་ཚོ་དང་དར་རྒྱས་གྲོང་ཚོ་སོགས་གྲོང་ཚོ་6ལ་བསྐྱོད་དེ“མཐའ་མཚམས་སུ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་མཐའ་མཚམས་མི་སེར་ལ་ཕན་པ་འདོགས་པའི”སྐོར་སྐྱོད་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས་གྲོང་སྡོད་ལས་དོན་སྤེལ་ཚུན། འདྲི་རྩད་གཏིང་ཟབ་བྱས་པ་བརྒྱུད་ས་གནས་དེ་གའི་མཐའ་མཚམས་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོར་དམིགས་ནས་ད་ཐེངས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཁྲིམས་དཔོན་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། ས་གནས་ས་ཐོག་ཏུ་དྲི་བ་དྲིས་ལན་གྱི་རྣམ་པ་བརྒྱུད་མི་དམངས་ཁྲིམས་ཁང་གི་ལས་ཀའི་འགན་ནུས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ། མང་ཚོགས་ཉེ་འགྲམ་དུ་ཐོན་པའི་གཉེན་སྒྲིག་གི་འབྲེལ་བ་དང་། གན་རྒྱ། གསོ་སྐྱོང་འཚོ་སྐྱོང་། རྐུ་རྒྱག རྐང་བཙུགས་ནས་གནོད་འཚེ་གཏོང་བ། གློག་འཕྲིན་ཁ་བསླུས་སོགས་ཀྱི་དཔེ་མཚོན་གྱོད་དཔེ་གསལ་འགྲེལ་གཏིང་ཟབ་བྱས་ནས། མཐའ་མཚམས་མང་ཚོགས་ལ་ལས་དོན་སྒྲུབ་དུས་ཁྲིམས་གཞིར་འཛིན་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པས། མང་ཚོགས་ཀྱི་ཁྲིམས་སྦྱོང་གི་སྤྲོ་སེམས་རབ་ཏུ་འཕེལ་བ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་ཁྲིམས་དཔོན་གྱིས་མང་ཚོགས་ཀྱིས་བཏོན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་པ་དང་། བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་དུད་ཚང་598དང་མི་ཐེངས་1300ལྷག་ཙམ་ལ་སློབ་གསོ་ཐེབས་པ་མ་ཟད། ཁྲིམས་སྐྱོང་དྲིལ་བསྒྲགས་ཡིག་ཆ་300སྤྲད་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། དམ་ཆོས་ཀྱིས་ཞུས)