《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月23日

ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས།

ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞབས་ཞུ་འགན་ལེན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞབས་ཞུ་འགན་ལེན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་དམིགས་པ། དུས་འགོའི་ལས་དོན་གྱི་སྙན་སེང་ཉན་པ། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚེ་བརྟན་གྱིས་བསྟན་དོན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རང་སྟོབས་ཁྲིམས་འཛིན་གཏིང་ཟབ་ཏུ་ཟམ་མི་ཆད་པར་གཏོང་བ་དང་། འབྱུང་རྩ་ནས་སྔོན་འགོག་དང་སྔོན་ཚུད་ནས་འདུམ་འགྲིག་མཉམ་ལས་དང་གཞོགས་འདེགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་རྒྱལ་ཁབ་ས་ཆ་སྔོ་འགྱུར་ཁྱབ་ཁོངས་ཀྱི་ཉེན་ཁར་འགོག་ཟོན་དང་ཁེ་དབང་འགན་སྲུང་སོགས་ཀྱི་ལས་དོན་ཁག་བརྟན་པོའི་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། ལས་ཞུགས་རྒྱ་ཆེར་གཏོང་བ་དང་། འབབ་འཕར་ལ་སྐུལ་འདེད། ཁོར་ཡུག་ལེགས་སུ་གཏོང་བ། འཚོ་བ་སྐྱིད་དུ་གཏོང་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི“ལྗང་མདོག་ཁྱིམ་གཞིས་ཀྱི་རྨང་གཞི”བརྟན་དུ་གཏོང་བ་བཅས་ཀྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནུས་པ་གལ་ཆེན་གང་ལེགས་འདོན་དགོས།