《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月23日

2024ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དབྱེ་ཞིབ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལོ་སྟོད་ཀྱི་ལས་དོན་གྱི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་ལས་དོན་གྱི་ཆད་སྐྱོན་དང་ཞན་ཆ་འཚོལ་བཤེར་གཏིང་ཟབ་གནང་ནས། འཕྲལ་སྡོམ་དོ་དམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་ལས་དོན་བཀོད་སྒྲིག་གནང་བ་རེད།

རེན་ཝེ་ཡིས་གསུངས་དོན། འདི་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་ཁོངས་གཏོགས་ཀྱིས་འཕྲལ་སྡོམ་དོ་དམ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། “གནད་དོན་ལ་དམ་འཛིན་ཞིབ་ཕྲ་དང་། ལས་རིགས་ལ་བཅོས་སྐྱོང་ཡག་པོ། བདེ་འཇགས་ལ་དོ་དམ་ནན་པོ། འགན་འཁྲི་མཉམ་དུ་ཁུར་བ”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་བསལ་བས། ལོ་སྟོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་དང་ལེགས་སུ་ཕྱིན་ནས“གཉིས་ཆག”མངོན་འགྱུར་བྱུང་ཡོད།

རེན་ཝེ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་ཁོངས་གཏོགས་ཀྱིས་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག ངར་ཤུགས་ཆེར་སྐྱེད་དང་ཡང་འབད་བསྐྱར་འབད་བྱས་ཏེ། འཕྲལ་སྡོམ་དོ་དམ་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱེད་པ། འཕྲལ་སྡོམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་མངོན་འགྱུར་ཡོང་བར་འབད་བརྩོན་ཏན་ཏིག་བྱེད་པ། འགན་འཁྲི་ངེས་པར་དུ་དོན་འཁྱོལ་དང་། ལམ་ལུགས་ངེས་པར་དུ་ལག་བསྟར། ལམ་སྲོལ་ངེས་པར་དུ་ནུས་ཆོད་ཆེ་བ། ནུས་པ་ངེས་པར་དུ་མཐོ་རུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཡར་རྒྱས་གསར་པ་ཡོང་བ། རྣམ་པ་གསར་པ་གཏོད་པ་བཅས་ལ་སྐུལ་འདེད་མུ་མཐུད་གཏོང་དགོས།