《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月16日

ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཡུལ་སྐོར་བ་མྱུར་སྐྱོབ་བྱས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་གཙང་འགྲམ་ཞབས་ཞུ་ཚོཌ་ཆུང་གིས་རྒྱལ་ལམ་349ལམ་ཐིག་གི་ས་བབ་མཐོ་ཚད་སྨི་4280ཡོད་པའི་གམ་པ་ལའི་མཛེས་ལྗོངས་ཁུལ་དུ་ལས་འགན་སྒྲུབ་སྐབས། ཡུལ་སྐོར་བ་ཞིག་གསོ་རླུང་མ་འདང་བར་འགྱེལ་ནས་རྨས་སྐྱོན་ཚབས་ཆེན་ཕོག་པ་མཐོང་བ་རེད།

ལས་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་གོང་དཀར་རྫོང་གི་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་དུ་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བར་འཕྲལ་མར་མྱུར་སྐྱོབ་བྱས་པ་དང་། འཁྱེར་བདེའི་གསོ་རླུང་རྔུབ་ཏུ་བཅུག་པ་མ་ཟད། མཛེས་ལྗོངས་ཁུལ་གྱི་གྲོང་མིས་ཀྱང་སེམས་རྩ་འཁོལ་པོས་རོགས་རམ་བྱས་མཐར་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བ་དེ་རིམ་བཞིན་དྲན་པ་གསོས། གནས་ཚུལ་ཞི་ལྷོད་དུ་ཕྱིན་རྗེས་མི་དམངས་ཉེན་རྟོག་པས་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བ་ཐག་ཉེ་སའི་སྨན་ཁང་དུ་བསྐྱལ།

དུས་ཐོག་ཏུ་སྨན་བཅོས་ཐུབ་པས་མིག་སྔར་ཡུལ་སྐོར་བ་དེའི་གཟུགས་པོ་རིམ་གྱིས་དྲག་སྐྱེད་བྱུང་བ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་སྐོར་བ་དེ་བོད་ལ་ཡུལ་སྐོར་དུ་ཡོང་ཐེངས་དང་པོ་ཡིན་པ་དང་དགོང་མོར་ངལ་གསོ་ཡག་པོ་མ་བྱུང་བས་མགོ་ཡུ་འཁོར་ནས་འགྱེལ་བ་རེད། ཉེན་རྟོག་པས་དྲན་སྐུལ་བྱས་དོན། བོད་དུ་ཡུལ་སྐོར་བྱེད་སྐབས་ངེས་པར་དུ་ངལ་གསོ་ཡག་པོ་རྒྱག་དགོས་པ་དང་འབྲེལ་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་འབྲེལ་ཡོད་བཀོད་སྒྲིག་ཡག་པོ་བྱེད་དགོས། གལ་ཏེ་གཟུགས་པོ་བདེ་པོ་མེད་ཚེ་ངེས་པར་དུ་དུས་ཐོག་ཏུ་སྨན་བཅོས་བྱེད་པར་འགྲོ་དགོས།