འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ལོར་རང་ལྗོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ལོ་བཅུ་འཁོར་བ་དང་། 《སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་ལེན་བསྟར་ནས་ལོ་བཞི་འཁོར་གྱི་ཡོད། 《སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྡེ་ཁུལ་ཡོ་བསྲང་ལས་དོན་སྤྱི་ཚོགས་ཀྱིས་ཤེས་ཚད་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་དོན་ཤེས་རྟོགས་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྡེ་ཁུལ་ཡོ་བསྲང་ཨུ་ལྷན་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་དང་རྫོང་གནས་ཡུལ་དུ་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་བཞི་འཁོར་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས《སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ་ཁྱོན་32000ལྷག་ཙམ་སྤྲད་པ་དང་། མི་ཐེངས་200ལྷག་ཙམ་གྱི་འབྲེལ་ཡོད་བློ་འདྲིར་ལན་བརྒྱབ་པས་རྒྱ་ཆེའི་མང་ཚོགས་ཀྱིས《སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》ཤེས་རྟོགས་ཐུབ་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།