འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་21ཉིན་གྱི་ཆུ་ཚོད་8པ་ཙམ་ལ་ཞིབ་བཤེར་ཚད་ལེན་མེ་འཁོར་ཐེངས་57701ཁྲུང་ཆིང་བབས་ཚུགས་ནུབ་མ་ནས་ཐོན་པ་དང་ཆབས་ཅིག་ཡུས་ཁུན(ཁྲུང་ཆིང་ནས་ཁུན་མིང་བར)མྱུར་བགྲོད་ལྕགས་ལམ་གྱི་ཡུས་དབྱི་དུམ་བུར(ཁྲུང་ཆིང་ནས་དབྱི་པིན་དུམ་བུ་ཤར་མ་བར)མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱེད་འགོ་བཙུགས་ཏེ་ལས་གྲྭ་ཞིབ་བཤེར་རྩིས་ལེན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ནས་ལམ་ཐིག་ཧྲིལ་པོ་སྔ་ཙམ་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།
ཡུས་ཁུན་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་བགྲོད་ལམ་གལ་ཆེན་གྱི་གྲས་དང་ཅིང་ཁུན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལམ་ཐིག་ཧྲིལ་པོ་བསྐྲུན་རྗེས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་དང་ཡུན་ནན་དབུས་རྒྱུད་ས་ཁུལ་དབར་གྱི་འབྲེལ་བ་ཟབ་ཏུ་སོང་བ། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མེ་འཁོར་འགྲུལ་བཞུད་ཀྱི་དུས་ཚོད་ཆེས་ཆེར་ཐུང་དུ་འགྲོ་བ། ལམ་རྒྱུད་མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་འགྲོ་བ་བཅས་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། (བདེ་སྐྱིད་དབང་མོས་བསྒྱུར། བདེ་དབང་དང་བུ་ཁྲིད་ཀྱིས་ཞུས)