《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月02日

ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཏན་ཏིག་དང་གཏིང་ཟབ་བྱས་པ།

—— སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྲ་ཞིང་བརྟན་པའི་ཏང་གཤིས་ལ་ཞུན་བརྡར་བཏང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ལིན་ཝུའེ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་ཁག་གིས་དངོས་སྦྱོང་དང་དངོས་སྒྲུབ་ཐད་ཤུགས་རྒྱག་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྲ་ཞིང་བརྟན་པའི་ཏང་གཤིས་ཞུན་བརྡར་བཏང་ནས་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་གཏོང་དགོས་པའི་སློང་གསོ་ཁྲིད་སྟོན་བྱས་པ་རེད།

ཉིན་ཤས་གོང་། ན་གཞོན་དར་མའི་ལས་བྱེད་པར་དམིགས་པའི་ཆེད་དོན་སློབ་ཚན་ཞིག་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཨུད་ཏང་གི་སློབ་གྲྭར་འཚོགས་ཤིང་། རྩོམ་སྒྲིག་པར་འདེབས་བྱས་པའི་ཉེ་འགྲམ་གྱི་དཔེ་མཚོན་གྱོད་དཔེ་20ལ་སློབ་མ་ཚོས་རེ་རེ་བཞིན་དབྱེ་ཞིབ་དང་བགྲོ་གླེང་བྱས་པ་རེད།

ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་ཀྱིས་སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བར་དམ་འཛིན་མངོན་གསལ་དོད་པོ་བྱས་ཏེ“ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་ཡོངས་ལ་ཁྱབ་པ་དང་། གཙོ་གནད་ཁྱབ་ཁོངས་ཡོངས་ལ་ཁྱབ་པ། ཏང་ཡོན་ཡོངས་ལ་ཁྱབ་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་རེས་སྐོར་སྦྱོང་བརྡར་བྱས་པ་དང་འབྲེལ། ས་ཁོངས་ཀྱི་སྤྱོད་གཙང་རིག་གནས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ནས“དབྱིངས་ཞུགས་རྣམ་པའི”སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་ས་གནས་ཁག་གིས་དྲང་ཕྱོགས་ནས་ཁྲིད་སྟོན་དང་ལྡོག་ཕྱོགས་ནས་ཉེན་བརྡ་གཏོང་བ་ཟུང་འབྲེལ་མངོན་གསལ་དོད་པོ་བྱས་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཏང་ཡོན་དང་ལས་བྱེད་པའི“རུལ་སུངས་བྱེད་མི་འདོད་པའི”རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གཞུང་དྲང་སྤྱོད་གཙང་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་རེད།

ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཁྲེང་ཁོའུ་རྫོང་གིས་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་གཞོན་ནུ་དང་ལས་བྱེད་པ་ཁྲེང་དབན་དམར་དམག་བཀོད་འདོམས་སུའོ་ཡི་གནས་རྙིང་དུ་བསྐྱོད་ནས་སྤྱོད་གཙང་གི་གཏམ་རྒྱུད་ཉན་པ་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་རེད།

ཁྲེང་ཁོའུ་རྫོང་གིས་གསར་བརྗེའི་རིག་གནས་ཁྲོད་ཀྱི་སྤྱོད་གཙང་གི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྤྱོད་གཙང་གི་གཤིས་རྒྱུད་དར་སྤེལ་གཏོང་བ། ཁྲེང་ཁོའུ་རྫོང་གི་སྤྱོད་གཙང་གཏམ་རྒྱུད་ཀྱི་ཀློག་དེབ་རྩོམ་སྒྲིག་པར་སྐྲུན་བྱེད་པ། སྤྱོད་གཙང་རིག་གནས་སློབ་གསོའི་དཔེ་སྟོན་རྟེན་གཞི་བེད་སྤྱོད་ཡག་པོ་བཅས་བྱས་ནས་སྤྱོད་གཙང་རིག་གནས་དེ་སྲོལ་བཟང་ཡར་སྐུལ་ལ་གྱུར་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ་རེད།

“ད་ཆ་ངས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནི་གང་ཞིག་ཡིན་པ་དང་། གང་ཞིག་བྱེད་རུང་བ། གང་ཞིག་བྱེད་མི་རུང་བ་བཅས་དེ་བས་གསལ་པོར་ཤེས་བྱུང་། གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས། ངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། མང་ཚོགས་ཀྱི་རྒྱུ་ནོར་ཧམ་འཁྱེར་བྱེད་པ། བཟའ་འཁྱེར་བཀག་གསུམ་བཅས་གཏན་ནས་བྱེད་ཀྱི་མིན”ཞེས་ཉིང་ཞ་ལིང་ཝུའུ་གྲོང་ཁྱེར་པའེ་ཐུའུ་ཀང་ཤང་ཧོ་ཁྲེང་ཙི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ཞུའེ་ཧྲན་གྱིས་བརྗོད།

ལིང་ཝུའུ་གྲོང་ཁྱེར་གྱིས་བྱེད་སྒོ་ཁག་གཏིང་ཟབ་སྤེལ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དགེ་རྒན་གྱི་མཛོད་བཙུགས་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གི་ལས་བྱེད་པ་དང་ཏང་གི་སློབ་གྲྭའི་རྐང་འཛིན་དགེ་རྒན་སྒྲིག་འཛུགས་ཀྱིས་གཅིག་སྡུད་གསོ་སྦྱོང་བྱས་པའི་ནང་ཡུག་ཁུལ་18དང་སྡེ་ཚན(ཚན་པ)66སོ་སོར་ཚུད་ཡོད་པ་རེད།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་ས་གནས་ཁག་གིས་དོན་དངོས་ནས་འགོ་འཛུགས་པ་དང་། དོན་དངོས་ལ་ཤུགས་རྒྱག་པ། ཕན་འབྲས་དངོས་ལ་ཞིབ་བཤེར་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་སྒྲིག་བཀུར་ཁྲིམས་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བདེ་བག་ཕེབས་ངང་ལས་ཀ་བྱེད་པ་དང་། བློ་རྒྱ་ཆེན་པོས་གཙོ་འགན་འཁུར་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་ལ་ཁྲིད་སྟོན་བྱས་པ་རེད།

“སློབ་སྦྱོང་བྱས་པ་བརྒྱུད་སྤྱོད་གཙང་ཐད‘སོ་སོས་སོ་སོར་དོ་དམ’དང་བྱ་གཞག་ཐད‘བློ་སྟོབས་ཆེར་སྐྱེད’བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་ཁེ་ལས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་ཕྱོགས་སུ་འགན་འཁྲི་ལྕི་པོ་འཁུར་དགོས་ལུགས་རང་ཉིད་ལ་སྔར་བས་ངོས་འཛིན་ཟབ་མོ་ཐུབ་བྱུང”ཞེས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཅི་དབྱང་ཆུས་ཅི་པེ་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཧུང་ཞ་ཡིས་བརྗོད།

ཅི་དབྱང་ཆུས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ལས་བྱེད་པའི་རང་འགན་ཐེག་པ་འཁུར་ལེན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཆུས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་དཔྱད་ཞིབ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་རབ་དང་རིམ་པ་གཏིང་ཟབ་སྤེལ་བ། ཆུས་རིམ་པའི་ཚན་ཁག་གི་འགོ་ཁྲིད་ཀྱིས་གཙོ་གནད་རྣམ་གྲངས་ཀྱི་འགན་འཁུར་བའི་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱས་ཤིང་། མིག་སྔར་ཆུས་ཡོངས་སུ་ཁྱོན་གཙོ་གནད་རྣམ་གྲངས་ཁག་102འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་གཙོ་གནད་རྣམ་གྲངས་ཁག་23ལ་གན་རྒྱ་བཞག་ནས་དམིགས་སར་འབྱོར་ཡོད་པ་རེད།

(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)