མི་དམངས་ཁྲིམས་ཁང་གིས་བཙན་ཐབས་ལག་བསྟར་བྱེད་པ་ནི་གྱོད་གཏུག་དོན་སྨིན་བྱུང་མཁན་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ཁ་བཤད་ལག་བསྟར་བྱེད་པའི“མཐའ་མའི་འགག་གནད”ཡིན་པ་དང་། ལྷག་པར་དུ་ཡུལ་གཞན་དུ་ལག་བསྟར་ནི་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ཁྲོད་ཀྱི་དཀའ་གནད་ཅིག་ཡིན་པ་མ་ཟད། ད་དུང་རེ་བ་ཞུ་མཁན་གྱིས་ཆ་འཕྲིན་ཞིབ་ཕྲ་མཁོ་འདོན་ནུས་ལྡན་བྱེད་མི་ཐུབ་པ་དང་། ལམ་ཐག་རིང་བ། ལག་བསྟར་བྱ་ཡུལ་གྱིས་ཆ་འཕྲིན་གསང་བའམ་ཡང་ན་ལག་བསྟར་ལ་གཡོལ་བ། ཉེན་ཁ་ཆེ་བ། དུས་ཡུན་རིང་བ། ས་ཁོངས་བརྒལ་ན་མཉམ་ལས་བྱེད་དཀའ་བ་སོགས་ཀྱི་དཀའ་ངལ་ཡོད་པས་ཡུལ་གཞན་དུ་ལག་བསྟར་བྱེད་རིང་འགྲན་སློང་མང་པོ་འཕྲད་ཀྱི་ཡོད། རྒྱུ་རྐྱེན་འདི་དག་ལ་དམིགས་ནས། ལྷོ་ཁའི་རིམ་གཉིས་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པས“ངས་ཞུ་གཏུག་རྒྱག་པ་ལྟར”དང་། “ངས་ལག་བསྟར་བྱེད་པ་ལྟར” “ངས་ཞུ་བཅར་བྱེད་པ་ལྟར”བཅས་ཀྱི་དམངས་ལ་བརྩེ་སེམས་འཆང་བ་དང“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བཅངས་ནས་སེམས་ནུས་གཅིག་སྒྲིལ་དང་གཞོགས་འདེགས་མཉམ་འཐབ་བྱས་ཏེ། དཀའ་ངལ་དང་འགྲན་སློང་མང་པོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཀྱིས་བཅའ་ཁྲིམས་ཀྱི་དབང་གྲགས་དང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་པ་རེད།
1
དབྱེ་ཞིབ་བརྡར་ཤ་བཅད་ནས་བྱེད་ཐབས་གནད་སྨིན་བཏོན་པ།
ཐེངས་འདིའི་གཅིག་སྡུད་ལག་བསྟར་བྱ་སྤྱོད་དོན་འཁྱོལ་ཡག་པོ་བྱུང་ནས་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་ཆེད། ཟླ་4ཚེས་8ཉིན། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་སྒྲོལ་མ་གཡང་འཛོམས་ཀྱིས་ལྷོ་ཁ་ཁྲིམས་ཁང་གི་ཡུལ་གཞན་དུ་གཅིག་སྡུད་ལག་བསྟར་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། གྱོད་གཞི་ཁག་ལ་དབྱེ་ཞིབ་བརྡར་གཅོད་ནན་ཏན་བྱས་ནས་ཇུས་ཤུགས་མཉམ་འདོན་གྱིས་ཚང་མར་ཇུས་གཞི་ཡོད་པ་དང་ཚང་མར་བྱེད་ཐབས་ཡོད་པའི་འགན་ལེན་བྱས་པ་རེད། གྱོད་གཞི་ལག་བསྟར་བྱ་ཡུལ་ཞིང་ཆེན་དང་། གྲོང་ཁྱེར། ཤང(གྲོང་རྡལ)བཅས་མི་འདྲ་བར་བསམ་གཞིགས་ཀྱིས། བྱ་སྤྱོད་མ་སྤེལ་གོང་། བྱ་སྤྱོད་ལམ་ཐིག་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་སྦྲགས། ཞིབ་ཚགས་པའི་གྱོད་གཞི་ལག་བསྟར་ཇུས་གཞི་ཡང་བཟོས་ནས། གཅིག་སྡུད་ལག་བསྟར་བྱ་སྤྱོད་ལ་གྲུབ་འབྲས་ནུས་ལྡན་ཐོབ་པའི་འགན་ལེན་བྱས་ཡོད་པ་རེད།
2
ས་ཆ་མང་པོར་བསྐྱོད་པར་གྲུབ་འབྲས་མངོན་གསལ་ཐོབ་པ།
དུས་ཡུན་ཉིན་47ཡིན་པའི་ཡུལ་གཞན་གཅིག་སྡུད་ལག་བསྟར་བྱ་སྤྱོད་སྤེལ་ནས། རིམ་གཉིས་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པ་17ཚོགས་ཆུང་ལྔ་རུ་བགོས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ས་ཁོངས་22ཀྱི་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་228ལ་སྔ་རྗེས་སུ་བཏང་བར་ལམ་ཐག་སྤྱི་ལེ་38000ལྷག་ཟིན་ཡོད་པ་རེད། དམངས་འཚོར་འབྲེལ་བ་དང་ཕྲན་ཚེགས་ཁེ་ལས་སོགས་ལ་དམིགས་ནས་ཡུལ་གཞན་དུ་ལག་བསྟར་བྱས་ཏེ་རྒྱུ་ནོར་སྒོར་ཁྲི་9800ལྷག་ཚོད་འཛིན་ལག་བསྟར་བྱས་པ་དང་། ལོ་མང་གོང་གི་གྱོད་གཞི་རྙིང་པ་མང་དག་ཅིག་དངོས་སུ་ཐག་གཅོད་ཐུབ་ནས་གཅིག་སྡུད་ལག་བསྟར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལག་བསྟར་མགྱོགས་མྱུར་བྱས་ནས་མི་དམངས་མང་ཚོགས་ཀྱི་གྱོད་གཏུག་དོན་སྨིན་བྱུང་བའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།
3
བརྩེ་སེམས་བཅངས་ནས་གྱོད་ཐག་བཅད་པ།
ང་ཚོས་ལག་བསྟར་བྱེད་པའི་གྱོད་གཞིའི་ནང་ངལ་དོན་གླ་ཆ་རྩ་བ་ནས་མི་སྤྲོད་པའི་རྩོད་གཞི་དང་དམངས་གཉེར་ཁེ་ལས་དང་འབྲེལ་བ་ཡོད་པའི་བུ་ལོན་གྱི་རྩོད་གཞི་སོགས་ཡོད། དེ་དག་ཚང་མ་ནི་ང་ཚོས་རྟག་ཏུ་བརྩེ་སེམས་བཅངས་ནས་ལམ་སྟོན་སྣེ་ཁྲིད་དང་བར་འདུམ་བྱེད་པའི“དཀའ་གནད”ཡིན། དཔེར་ན་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གཉེར་འགན་འཁུར་བའི་གྱོད་གཞི་སྟེ། གཏེར་ལས་ཀུང་སི་ཞིག་གིས་ཁེ་ལས་ཀྱི་ལས་གྲྭའི་དངུལ་འགྱངས་ཆད་བྱས་པའི་གྱོད་གཞིའི་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་1500ལྷག་ཙམ་ཟིན་པས་མི་དམངས་ཁྲིམས་ཁང་གི་བཅད་ཁྲ་གོ་ཆོད་དེ་ལག་བསྟར་བརྒྱུད་རིམ་དུ་སླེབས་ཡོད། བརྟག་དཔྱད་བྱེད་རིང་ལག་བསྟར་བྱ་ཡུལ་གྱིས་གཏེར་ཁ་ཐོན་སའི་རྫོང་དང་ཆུས་ལ་ངལ་དོན་རྩོད་གཞིའི་གྱོད་གཞི་མང་པོ་ཐོན་རྗེས་ཐག་གཅོད་ནུས་ལྡན་ཐུབ་མེད་ལ་ཁེ་ལས་ཀྱི་གཉེར་སྐྱོང་ཡག་པོ་མེད་པས་རྒྱུ་ནོར་གྱིས་བུ་ལོན་མི་འདུམ་པས་ལག་བསྟར་ལས་དོན་མུ་མཐུད་སྤེལ་ཐབས་བྲལ་བ་ཤེས། ལག་བསྟར་བརྒྱུད་རིམ་ཁྲོད་དཀའ་གནད་གསུམ་འཕྲད་པ་སྟེ། གཅིག་ནས་ལས་གྲྭའི་དངུལ་དུས་ཐོག་ཏུ་གྱོད་གཏུག་དོན་སྨིན་བྱུང་བའི་དོ་བདག་ལ་སློག་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ས་གནས་དེ་གའི་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་ཕོག་པའི་འགན་ལེན་བྱེད་དགོས། གསུམ་ནས་ལག་བསྟར་བྱ་ཡུལ་གྱི་ཁེ་ལས་དཀའ་གནད་ལས་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། དེར་བརྟེན་ང་ཚོས་འཕྲལ་དུ་ཁེ་ལས་ཀྱི་ཐོ་འགོད་འགྲོ་ལུགས་སླར་ཡང་གཉེར་ཏེ་གྱོད་གཏུག་དོན་སྨིན་བྱུང་བའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་པའི་འགན་ལེན་བྱེད་དགོས་ལ་དམངས་གཉེར་ཁེ་ལས་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་པའི་འགན་ལེན་ཡང་བྱེད་དགོས། དེ་དང་ཆབས་ཅིག་འདོད་མོས་ཡོད་པའི་ཁེ་ལས་དང་ཕྱོགས་མང་པོ་ནས་འབྲེལ་གཏུག་བྱས་ཏེ་ལག་བསྟར་བྱ་ཡུལ་ལ་རྐང་དབང་བརྗེ་ལེན་ནམ་ཡང་ན་ཉོ་སྒྲུབ་བརྒྱུད་ཁེ་ལས་གནས་ཐུབ་ཐབས་བྱེད་པ་དང་། ཕྱོགས་མང་གི་དོ་བདག་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་ཐག་གཅོད་ཀྱི་ཐབས་ལམ་འཚོལ་རོགས་བྱས་ཡོད། གཞུང་ཁོངས་ཁེ་ལས་ཤིག་གིས་གཏེར་ལས་ཀུང་སི་ཉོ་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་བར་དུ་མཐུན་སྦྱོར་བྱས་པས་མཐར་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་སྟེ་ངལ་དོན་གླ་ཆ་འཕྲལ་དུ་བསློགས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་གྱོད་གཏུག་དོན་སྨིན་བྱུང་བའི་ལས་མིའི་གླ་ཆ་སྒོར་ཁྲི་1500ལྷག་ཙམ་ཡང་གྲངས་ཚང་ངང་བསློགས་ནས་གྱོད་གཞི་བདེ་བླག་ངང་ལག་བསྟར་བྱེད་མཇུག་འགྲིལ་བ་དང་ཆབས་ཅིག་དམངས་གཉེར་ཁེ་ལས་ས་གནས་དེ་གར་མུ་མཐུད་འཕེལ་རྒྱས་ཡོང་བའི་འགན་ལེན་ཐུབ་ཡོད་པ་རེད།
4
སྙིང་རུས་ཆེན་པོས་མདུན་སྐྱོད་བྱས་པ།
ལམ་ཐག་རིང་ཡང་ཆས་ན་སླེབས་ངེས་རེད། བྱ་བ་དཀའ་རུང་བསྒྲུབས་ན་འགྲུབ་ངེས་རེད། ལྷོ་ཁའི་རིམ་གཉིས་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པས་དམངས་ཆེད་ཁྲིམས་འཛིན་གྱི་དམིགས་ཡུལ་མུ་མཐུད་ལག་ལེན་བསྟར་ནས་འགན་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་མཁས་པོས་གོང་རིམ་ཁྲིམས་ཁང་གི་བླང་བྱ་ལག་ལེན་ནན་ཏན་བསྟར་ནས་ལག་བསྟར་རེ་ཞུ་བྱེད་མཁན་ལ“དཔང་རྟགས་གནད་ལ་འཁེལ་བ་དང་། ལན་གནད་འཁེལ་འདེབས་པ། བྱ་བ་དོན་ཐོག་ཏུ་འཁྱོལ་བ”བཅས་མཐའ་གཅིག་ཏུ་ཐུབ་པ་བྱས་པ་དང་། ལག་བསྟར་བྱ་ཡུལ་ལ“བཅའ་ཁྲིམས་གསལ་བཤད་དང་། ཁྲིད་སྟོན་གསལ་པོ་བྱེད་པ། བྱེད་ཐབས་ལ་བསམ་བློ་གཏོང་བ”བཅས་མཐའ་གཅིག་ཏུ་ཐུབ་པ་བྱས་པ་མ་ཟད། བཙན་ཤེད་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ“གྱོད་གཞི་གཅིག་ལག་བསྟར་བྱས་ནས་གྱོད་མཇུག་སྒྲིལ་བའི”བརྩོན་ལེན་གྱིས་རང་འགུལ་ཁྲིམས་འཛིན་དེ་དུས་རབས་གསར་པའི་ལག་བསྟར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། ལག་བསྟར་རེ་བ་ཞུ་མཁན་ལ་ལག་བསྟར་བྱེད་ཤུགས་ཚོར་ཐུབ་པ་དང་དུས་མཚུངས་ལག་བསྟར་བྱ་ཡུལ་ལ་ལག་བསྟར་གྱི་སེམས་ཁུར་ཚོར་ཐུབ་པར་བྱས་ཏེ། “ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཚོར་ཐུབ་པ”བྱས་ནས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་མངོན་འགྱུར་ཡོང་བ་བྱས་ཡོད།
འདི་ནི་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པས་ཀུའེ་དབྱང་གྲོང་ཁྱེར་ཧྭ་ཤིས་ཆུས་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་རོགས་རམ་འོག་ལག་བསྟར་བྱ་ཡུལ་སྒུག་བཞིན་པ།
ཁྲིམས་དཔོན་གྱི་དྲན་སྐུལ།
ནུས་པ་ཐོན་པའི་དཔྱད་མཚམས་བཀའ་བཅད་དང་གཏན་འཁེལ་བྱས་པའི་ལག་བསྟར་ནང་དོན་དུས་ཐོག་ཏུ་ལག་བསྟར་བྱེད་དགོས། དཔྱད་མཚམས་དང་བཀའ་བཅད་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ལ་ཉེས་གསོག་གྲུབ་རིགས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། འདིར་ལག་བསྟར་བྱ་ཡུལ་ཚོར་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྟབས་ལེགས་ཀྱི་བསམ་བློ་འཁྱེར་མི་རུང་བ་དང་། རྐང་བཙུགས་ནས་ལག་བསྟར་ལ་གཡོལ་ཐབས་བྱེད་པའམ་ཡང་ན་ལག་བསྟར་མི་བྱེད་པའི་བྱེད་སྤྱོད་ལ་མི་དམངས་ཁྲིམས་ཁང་གིས་མུ་མཐུད་ནས་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་གི་ཡོད་པས། ཁྲིམས་དཔོན་དང་རེ་བ་ཞུ་མཁན་ལ་རང་འགུལ་ངང་འབྲེལ་བ་ཧུར་ཐག་བྱས་ཏེ་ནུས་པ་ཐོན་པའི་བཅའ་ཁྲིམས་ཡིག་ཆའི་ནང་གཏན་འཁེལ་བྱས་པའི་འོས་འགན་སྔ་ཙམ་བསྒྲུབ་དགོས་པ་ལས། སྟབས་ལེགས་ཀྱི་བསམ་བློ་འཁྱེར་མི་རུང་། དེ་མིན་ན་འགྱོད་པ་སྐྱེས་ནའང་ཕྱི་དྲགས་པ་རེད།