འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཅུས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་ཆུ་བེད་ཅུས་སོགས་ཚན་པ་དང་མཉམ་དུ་གདོང་དཀར་ཁྲོམ་གཞུང་གླིང་སྟོད་སྡེ་ཁུལ་དུ“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མཛེས་སྡུག་ལྡན་པའི་ཆུ་དང་མཚེའུ་སྲུང་སྐྱོང་སྐོར་གྱི་སྒྲོག་འགྲེལ་ཁུལ་དང་། འགྱིག་སྙིགས་འགོག་པའི་སྐོར་གྱི་སྒྲོག་འགྲེལ་ཁུལ། སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་སྐོར་གྱི་སྒྲོག་འགྲེལ་ཁུལ། གྲོང་ཁྱེར་ལ་སྔོ་ལྗང་སྣོན་པའི་སྐོར་གྱི་སྒྲོག་འགྲེལ་ཁུལ། འཚོ་བའི་གད་སྙིགས་རིགས་དབྱེའི་སྐོར་གྱི་སྒྲོག་འགྲེལ་ཁུལ། ཁོར་ཡུག་སྦགས་བཙོག་འགོག་བཅོས་སྐོར་གྱི་སྒྲོག་འགྲེལ་ཁུལ་བཅས་ཁོར་ཡུག་གི་སྒྲོག་འགྲེལ་ཁུལ་ཆེ་གྲས་དྲུག་བཙུགས་ཏེ། སྤྱོད་བདེའི་བརྡ་སྦྱོར་དང་ཁོར་ཡུག་སྲུང་སྐྱོང་ཤེས་བྱའི་དྲིལ་བསྒྲགས་ཤོག་ལྷེ་བཟོ་བ་དང་ཡུལ་དངོས་ཀྱི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁོར་ཡུག་གནད་དོན་ལ་སེམས་རྩ་འཁོལ་པོས་ལན་འདེབས་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་རང་འགུལ་ངང་རྒྱུས་ལོན་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། རང་རྟོགས་ངང་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པ་བཅས་ལ་ཕྱོགས་ཡོངས་ནས་ཁྲིད་སྟོན་བྱས་པ་རེད།