《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月25日

༄༅་། གངས་ལྗོངས་ཀྱིས་ཁྱེད་ལ་བསུ་བ་ཞུ་།

གཙང་ཕྲུག་གངས་ལྷ།

ཁ་བའི་འདབ་མས་བཀླུབས་པའི་གངས་ཅན་ལྗོངས། །

ལྟ་ན་སྡུག་པའི་ལྷ་ཡུལ་ལས་ཀྱང་མཛེས། །

མ་བོས་མགྲོན་པོ་འཚང་ག་ཤིག་ཤིག་ངང་། །

ཡུལ་འདིར་ཕེབས་པ་ཨེ་མ་ངོ་མཚར་ཆེ། །

མེས་པོའི་ཕྱག་རྗེས་ཕོ་བྲང་པོ་ཏ་ལ། །

བརྗིད་ཆགས་དམར་པོ་རི་ཡི་སྟེང་དུ་ཆགས། །

འགྲན་ཟླ་བྲལ་བའི་མེས་པོའི་བློ་གྲོས་ལ། །

ཕྱི་གླིང་བས་ཀྱང་བསྔགས་བརྗོད་མེ་ཏོག་གཏོར། །

དཔྱིད་ཀྱི་རྒྱལ་མོས་གསུང་སྙན་ལྷང་ལྷང་སྒྲོག །

གངས་དང་འཁྱག་རོམ་བཞུར་ནས་ལྷུང་ལྷུང་འབབ། །

རི་ཀླུང་གང་སར་མེ་ཏོག་དྲི་ཞིམ་འཐུལ། །

གངས་ཅན་ལྗོངས་འདི་ཨེ་མ་མཛེས་སྡུག་ལྡན། །

དབྱར་ཟླ་དང་པོ་ཤར་བའི་ཞོགས་པ་རུ། །

ཁུ་བྱུག་སྔོན་མོའི་གསུང་སྐད་རྣ་བར་འཇེབས། །

ཨ་ཁུ་ཞིང་པ་སོ་ནམ་ལས་ལ་རོལ། །

འབྲུ་རིགས་སྣ་ལྔ་སྨིན་ཆེད་འབད་འཐབ་བྱེད། །

གཡུ་ལྟར་སྔོ་བའི་ཡངས་པའི་སྤང་ལྗོངས་སྟེང་། །

འབྲི་གཡག་ལུག་ཁྱུ་སྐར་ཚོགས་བཀྲམ་ལྟར་གནས། །

ཤ་མར་ཐུད་གསུམ་བང་མཛོད་རི་ལས་མཐོ། །

ཕ་ཡུལ་གངས་ལྗོངས་འཛམ་གླིང་ས་ཡི་རྒྱན། །

དུས་བཞི་ཚ་གྲང་སྙོམས་པའི་བསིལ་ལྡན་ལྗོངས། །

གནའ་ཤུལ་ནོར་བུས་ཕྱུག་པའི་གངས་ཅན་ལྗོངས། །

ཤེས་དཔལ་རབ་ཏུ་རྒྱས་པའི་གནས་བཟང་འདིས། །

སྐུ་ཉིད་ཡང་ཡང་ཕེབས་པར་བསུ་མ་ཞུ། །