འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་ཚད་ལྡན་བཅོས་སྒྲིག་བྱེད་པའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུར《དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཉོ་ཚོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་ཀའི་ཇུས་གཞི》སྒྲོག་སྦྱངས་བྱས་པ་དང་། དབྱར་རྩྭ་དགུན་འབུ་ཚོང་གཉེར་དུད་ཚང་གི་འཐུས་མིས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ་དང་འབྲེལ། 《དབྱར་རྩྭ་དགུན་འབུའི་ཁྲོམ་ར་ཚད་ལྡན་གཉེར་སྐྱོང་གི་ཁས་ལེན་ཡི་གེར》མིང་རྟགས་བཀོད་པ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྫོང(ཆུས)ཁྲོམ་ར་ལྟ་འདོམས་ཅུས་དང་ལས་ཁུངས་ཀྱི་ཁོའོ་དང་ཁང་ཁག་གིས་དབྱར་རྩྭ་དགུན་འབུ་དོ་དམ་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་དབྱར་རྩྭ་དགུན་འབུ་ཚོང་གཉེར་དུད་ཚང་གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་རང་བཤེར་དང་བཅོས་སྒྲིག་ལས་དོན་ཧུར་ཐག་སྤེལ་དགོས། ཚོང་གཉེར་དུད་ཚང་ལ་ཆེད་ཁུལ་ཆེད་སྒྲོམ་གྱི་མཚོན་རྟགས་དང་ཤོག་བྱང་གསལ་པོ་བཟོ་བར་མཛུབ་ཁྲིད་བྱས་ཏེ་མངོན་གསལ་དོད་སར་དབྱར་རྩྭ་དགུན་འབུ་སྔོག་པའི་དུས་ཚོད་དང་། ཐོན་ཁུལ། ཡོང་ཁུངས། རིན་གོང་སོགས་ཀྱི་ཆ་འཕྲིན་གསལ་པོ་འགོད་དགོས། དབྱར་རྩྭ་དགུན་འབུ་ཁུངས་འདེད་དང་སྤུས་ཚད་ཁས་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡིད་རྟོན་མ་ལག་བསྐྲུན་པར་སྐུལ་འདེད་བཏང་ནས་ཁྲིམས་ལྟར་ཚོང་གཉེར་དང་ཡིད་རྟོན་ཚོང་གཉེར་ལ་ཁྲིད་སྟོན་བྱེད་དགོས། བཅོས་སྒྲིག་བྱེད་རིང་ཐོན་པའི་“མིས་བཟོས་དབྱར་རྩྭ་དགུན་འབུ”དེ“རི་སྐྱེས་དབྱར་རྩྭ་དགུན་འབུ”ཡིན་ཁུལ་བྱས་ནས་འཚོང་བའམ་ཡང་ན“མིས་བཟོས་དབྱར་རྩྭ་དགུན་འབུ”དང“རི་སྐྱེས་དབྱར་རྩྭ་དགུན་འབུ”བསྲེས་ནས་བཙོངས་ཏེ་ཚུལ་དང་མི་མཐུན་པའི་ཁེ་བཟང་རག་ཐབས་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ཏེ་ཐག་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་ཆོག དེ་དང་དུས་མཚུངས་གོང་འོག་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་དང་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ཞིང་འབྲོག་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ལྷ་ས་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
(པ་ཚེས་བསྒྱུར། པ་ཚེ་དང་ཟླ་ཕུར་གྱིས་ཞུས)