《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月18日

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས།

དམངས་འཚོ་དང་འབྲེལ་བ་ཡོད་པའི་ཁྲིམས་སྦྱོར་ཞུ་སྦྱོར་ཞིབ་དཔྱོད་ཀྱི་གྱོད་དཔེ་ཁག་དང་པོ་ཁྱབ་བསྒྲཊ་བྱས་ནས་ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་འབྲེལ་མཐུད་ལམ་སྲོལ་འཛུཊ་སྐྱོང་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཁྲིམས་སྦྱོར་ཞུ་སྦྱོར་ཞིབ་དཔྱོད་ཀྱི་དཔེ་མཚོན་གྱོད་དཔེ་ཁག་དང་པོ་ཁྱབ་བསྒྲགས་བྱས་ནས་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་སྦྱོར་ཞུ་སྦྱོར་གྱི་ཞིབ་དཔྱོད་སྡེ་ཚན་ལ་དམངས་ཆེད་ཞིབ་དཔྱོད་ཀྱི་འཇུག་སྒོ་དང་ཤུགས་རྒྱག་ས་ཡང་དག་འཚོལ་བར་མཛུབ་ཁྲིད་བྱས་ཏེ“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་ཁྲིམས་སྦྱོར་ཞུ་སྦྱོར་ཞིབ་དཔྱོད་ལས་དོན་ཁྲོད་སྔར་བས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།

དཔེ་མཚོན་གྱོད་དཔེ་དེ་དག་ནང་རིགས་སྣ་ཚོགས་ཚུད་ཡོད་པ་སྟེ། དམངས་དོན་ལྟ་སྐུལ་རེ་ཞུའི་གྱོད་གཞི་དང་། ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་དང་འབྲེལ་བ་ཡོད་པའི་ཁྲིམས་སྦྱོར་གྱོད་གཞི། ད་དུང་ཉེས་གསོག་ལས་གནོད་འཚེ་ཕོག་མཁན་ལ་ཁྲིམས་འཛིན་རོགས་སྐྱོབ་བྱེད་པའི་གྱོད་གཞི་སོགས་ཡོད། དེ་དང་ཆབས་ཅིག དཔེ་མཚོན་གྱོད་དཔེས་དམངས་འཚོ་གླེང་མང་བའི་གནད་དོན་ལ་ཐད་ཀར་དམིགས་པ་དང་རྒན་རྒོན་དང་། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་བུད་མེད་སོགས་གཙོ་གནད་མི་ཚོགས་ཀྱི་ཁེ་དབང་འགན་སྲུང་གནད་དོན་ལ་དམིགས་པས་མཚོན་བྱེད་རང་བཞིན་ཅུང་ཆེན་པོ་ལྡན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། གྱོད་དཔེ་ཁག་དེའི་ནང་ཞིབ་དཔྱོད་ལས་ཁུངས་ཀྱི“གྱོད་གཞི་ཚང་མར་སྤུས་ཚད་མཐོ་ལ་ནུས་ལྡན་ངང་སྒྲུབ་པའི”གཞི་རྩའི་རིན་ཐང་དོན་གཉེར་བྱེད་ལུགས་གཅིག་སྡུད་ཐོག་མཚོན་པ་དང་། མི་དམངས་མང་ཚོགས་ཀྱིས་མྱོང་ཚོར་ཐུབ་པ་དང་། མྱོང་རོལ་ཐུབ་པ། ཕན་པ་ཐོབ་པ་བཅས་ཀྱི“དམངས་ཆེད་ཁྲིམས་སྦྱོར་ཞུ་སྦྱོར་བྱེད་པའི”ལས་དོན་བརྩེ་བ་ཟབ་མོས་ཏན་ཏིག་བསྒྲུབས་ཡོད། དཔེར་ན། ཧོ་ནན་གྱི་ཧྥུང་ཆེ་གེ་མོ་སོགས་ཀྱི་ཁྲིམས་སྦྱོར་གྱོད་གཞི་དེ་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ཆུའི་སྤུས་ཚད་ཀྱི་བདེ་འཇགས་གནད་དོན་དང་འབྲེལ་བ་ཡོད་པས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞི་གཅིག་ཅན་གྱི་ལས་སྒྲུབ་དང་། ཕྱོགས་བསྡུས་ལས་སྒྲུབ། རང་སྟོབས་ལས་སྒྲུབ་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་ལུགས་ལག་བསྟར་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་ཉེན་ཡོད་ཟོག་རོ་དུས་ཐོག་ཏུ་གཙང་སེལ་བྱ་རྒྱུར་ལྟ་སྐུལ་བྱས་པ་དང་། གྱོད་གཞི་སྒྲུབ་གཉེར་དང་ཁུངས་འདེད་བཅོས་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ལམ་རྒྱུད་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་སྲུང་བའི་ཁྲིམས་སྐྱོང་འགན་འཁྲི་གང་ལེགས་མངོན་ཡོད།