འདི་ནི་ལས་དོན་མི་སྣས་མྱུར་སྐྱོབ་བྱེད་སྟངས་སློབ་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་མཐོ་གསར་ཁུལ་གནོད་འཚེ་ཉུང་གཏོང་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་ཁོངས་མིའི་ཚན་པ་ཁག་དང་མཉམ་དུ“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་ཤེས་པ། གཞི་རིམ་གྱི་གེགས་འགོག་ཉེན་གཡོལ་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་རྒྱག་པ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྣེའུ་ཁུལ་གསར་ཞིང་ཚོང་ཁྲོམ་རར་གེགས་འགོག་གེགས་སེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་དྲིལ་བསྒྲགས་ཁྲོམ་བཀྱག་འཛུགས་པའམ་དྲིལ་བསྒྲགས་འཕྲེད་ཡིག་འགེལ་བ་དང་། དྲིལ་བསྒྲགས་ཤོག་བྱང་དང་ཤེས་བྱའི་ལག་དེབ་སྤྲད་པ་དང་། ཡང་སྒོས་སུ་VRལག་རྩལ་སོགས་དེང་རབས་ཚན་རྩལ་སྤྱད་དེ་གནོད་འཚེའི་འདྲ་བཟོའི་རྣམ་པ་བསྐྲུན་ནས་གོ་བདེ་ཤེས་སླའི་བྱ་ཐབས་ནས་མཐོ་གསར་ཁུལ་གྱི་མང་ཚོགས་ལ་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ཀྱི་ཁྱད་ཆོས་དང་། གནོད་སྐྱོན། དེ་བཞིན་ཁ་གཏད་གཅོག་ཐབས་བཅས་འགྲེལ་བཤད་དང་ཁྱབ་གདལ་བཏང་བ་མ་ཟད། འགྲིམ་འགྲུལ་དང་མེ་སྐྱོན་སོགས་ཀྱི་གནོད་འཚེ་སྣ་ཚོགས་འབྱུང་སླ་བའི་རྒྱུ་རྐྱེན་དང་སྔོན་འགོག་བྱེད་ཐབས་ལ་འགྲེལ་བཤད་ཀྱང་བརྒྱབ་པས། མང་ཚོགས་ཀྱིས་གེགས་འགོག་གེགས་སེལ་གྱི་གལ་ཆེའི་རང་བཞིན་དང་ཚན་རིག་རང་བཞིན་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་པ་དང་མང་ཚོགས་ཀྱི་བདེ་འཇགས་བྱང་ཚད་དང་འཕྲལ་སྡོམ་ཐག་གཅོད་འཇོན་ཐང་ཆེ་རུ་ཕྱིན་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ལས་མང་ཚོགས་ཀྱི་གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ཐོལ་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་མང་ཚོགས་ཀྱི་འཇོན་ཐང་ཆེ་རུ་ཕྱིན་པ། དམངས་ཡོངས་གེགས་འགོག་དང་གནོད་འཚེ་ཉུང་གཏོང་ལ་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་པ་བཅས་རེད།