གྲོང་མིའི་སྡེ་ཁུལ་གྱི་དོན་དག་གང་གི་ཐད་ལ་གཞིས་བདག་སྤྱི་གཞུང་གིས་ཐག་གཅོད་བྱེད་དབང་ཡོད། ཐག་གཅོད་གང་འདྲ་བྱེད་དགོས།
● དོན་ཚན་ཉིས་བརྒྱ་དང་དོན་བརྒྱད་པའི་ནང་གསེས་དང་པོ། གཤམ་གསལ་གྱི་དོན་ཚན་དག་ལ་གཞིས་བདག་སྤྱི་གཞུང་གིས་ཐག་གཅོད་བྱེད་དགོས།
(གཅིག) གཞིས་བདག་ཚོགས་ཆེན་གྱི་གྲོས་མོལ་གྱི་སྒྲིག་སྲོལ་གཏན་འབེབས་དང་བཟོ་བཅོས་བྱེད་པ། (གཉིས)དོ་དམ་སྒྲིག་ཆིངས་གཏན་འབེབས་དང་བཟོ་བཅོས་བྱེད་པ། (གསུམ)གཞིས་བདག་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པའམ་གཞིས་བདག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྗེ་བ། (བཞི)གཞི་ལས་ཞབས་ཞུ་ཁེ་ལས་སམ་དོ་དམ་བྱེད་མི་གཞན་པ་གདམ་གསེས་གདན་ཞུ་བྱེད་པ་དང་གདན་ཞུ་གྲོལ་འཐེན་བྱེད་པ། (ལྔ)བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཞིག་གསོའི་གྲོན་དངུལ་བཀོལ་སྤྱོད་བྱེད་པ། (དྲུག)བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཞིག་གསོའི་གྲོན་དངུལ་གྲབས་གསོག་བྱེད་པ། (བདུན)བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་བསྒྱུར་སྐྲུན་དང་བསྐྱར་སྐྲུན་བྱེད་པ། (བརྒྱད)སྤྱི་དབང་ཆ་ཤས་ཀྱི་སྤྱོད་སྒོ་སྒྱུར་བའམ་སྤྱི་དབང་ཆ་ཤས་སྤྱད་དེ་ཚོང་གཉེར་བྱེད་སྒོ་སྤེལ་བ། (དགུ)སྤྱི་གཞུང་ལ་དབང་བ་དང་སྤྱི་གཞུང་གིས་དོ་དམ་བྱེད་པའི་ཁེ་དབང་སྐོར་གྱི་དོན་ཆེན་གཞན་དག་བཅས་ཡིན།
ཁྲིམས་ལུགས་འཆད་སྟེགས།
གཞིས་བདག་སྤྱི་གཞུང་གིས་ཐག་གཅོད་པའི་དོན་ཚན་ནི་ཆེད་དབང་ཆ་ཤས་ཀྱི་ས་ཁྱོན་གསུམ་ཆ་གཉིས་ཡན་བཟུང་བའི་གཞིས་བདག་ཡིན་དགོས་པ་གང་ཞིག མི་གྲངས་ཀྱང་གསུམ་ཆ་གཉིས་ཡན་ཟིན་རྗེས་གཞི་ནས་ཐག་གཅོད་ཆོག་པ་ཡིན། བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཉམས་བཟོའི་དངུལ་གྲབས་གསོག་བྱས་ཏེ་བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་བསྒྱུར་སྐྲུན་དང་བསྐྱར་སྐྲུན་བྱེད་པ་དང་། སྤྱི་དབང་ཆ་ཤས་ཀྱི་སྤྱོད་སྒོ་བསྒྱུར་བའམ་སྤྱི་དབང་ཆ་ཤས་ཚོང་གཉེར་བྱེད་སྒོར་སྤྱོད་ཚེ། ཆེད་དབང་ཆ་ཤས་ཀྱི་ས་ཁྱོན་གསུམ་ཆ་གཉིས་ཡན་བཟུང་བའི་ཁར་མི་གྲངས་ཀྱང་བཞི་ཆ་གསུམ་ཡན་ཟིན་པའི་གཞིས་བདག་ཞུགས་ནས་མོས་མཐུན་ཐོབ་དགོས། གོང་གསལ་ཁྲིམས་ལུགས་དོན་ཚན་གྱི་ནང་གསེས་ནང་གཏན་ལ་ཕབ་པའི་དོན་ཚན་གཞན་དག་གཏན་འབེབས་བྱེད་པར་ཆེད་དབང་ཆ་ཤས་ཀྱི་ས་ཁྱོན་ཕྱེད་ཀ་ཡན་ཟིན་པའི་གཞིས་བདག་ཞུགས་ནས་ཐག་གཅོད་དགོས་པ་མ་ཟད། ཐག་གཅོད་མཁན་གཞིས་བདག་གི་མི་གྲངས་ཕྱེད་ཀ་ཡན་གྱི་མོས་མཐུན་ཐོབ་དགོས།
● དོན་ཚན་ཉིས་བརྒྱ་དང་གྱ་གཉིས་པ། འཛུགས་སྐྲུན་སྡེ་ཚན་དང་། གཞིས་ལས་ཞབས་ཞུའི་ཁེ་ལས་སམ་དོ་དམ་མི་སྣ་གཞན་དག་གིས་གཞིས་བདག་གི་སྤྱི་དབང་གི་ཆ་ཤས་བེད་སྤྱོད་བྱས་པ་ལས་ཐོབ་པའི་ཡོང་འབབ་ནི། མ་གནས་གང་འོས་བཅག་རྗེས་གཞིས་བདག་སྤྱི་གཞུང་ལ་དབང་བ་ཡིན།
ཁྲིམས་ལུགས་འཆད་སྟེགས།
སྡེ་ཁུལ་ཁག་གཅིག་གི་གཞིས་ལས་ཀུང་སིས་གཞིས་བདག་གི་མོས་མཐུན་མེད་པར་རང་མཚམས་ངང་རླངས་འཁོར་འཇོག་ས་བོགས་མར་བཏང་བ་དང་། སྡེ་ཁུལ་གྱི་གློག་སྐས་དང་། འགྲོ་ལམ། ཕྱིའི་ལྕགས་རི། ལུས་སྦྱོང་སྒྲིག་བཀོད་སོགས་གཞིས་བདག་ཐུན་མོང་ལ་དབང་བའི་དངོས་པོའི་ས་སྟོང་ལ་བརྡ་ཁྱབ་སྦྱར་བ་དེས་གཞིས་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་པས། གཞིས་ལས་ཀུང་སིས་དེ་དག་ལ་བརྟེན་ནས་བྱུང་བའི་ཁེ་བཟང་ཁྲོད་ནས་ལུགས་མཐུན་གྱི་མ་གནས་བཅག་རྗེས་དེ་འཕྲོས་རྣམས་གཞིས་བདག་ཐུན་མོང་ལ་བགོ་དགོས་པ་ཡིན།
གྲོང་མིའི་སྡེ་ཁུལ་གྱི་གློག་སྐས་སྐྱོན་ཤོར་བ་དང་། ཁང་པའི་ཐོག་ཁ་ནས་ཆུ་འཛག་པ་སོགས་འབྱུང་སྐབས་ཉམས་བཟོ་ཇི་ལྟར་བྱེད་དགོས།
● དོན་ཚན་ཉིས་བརྒྱ་དང་གྱ་གཅིག་པ། བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཀྱི་ཞིག་བཟོའི་གྲོན་དངུལ་ནི་གཞིས་བདག་སྤྱི་གཞུང་ལ་དབང་བ་ཡིན། གཞིས་བདག་སྤྱི་གཞུང་གིས་ཐག་གཅོད་བྱས་པ་བརྒྱུད་གློག་སྐས་དང་། ཁང་ཀླད། ཕྱི་རྩིག བཀག་མེད་སྒྲིག་བཀོད་སོགས་སྤྱི་དབང་ཆ་ཤས་ཞིག་གསོ་དང་། གསར་བཟོ། སྒྱུར་སྐྲུན་བཅས་བྱེད་པར་སྤྱད་ཆོག བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཀྱི་ཞིག་བཟོའི་གྲོན་དངུལ་གྲབས་གསོག་དང་བཀོལ་སྤྱོད་བྱས་པའི་གནས་ཚུལ་དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་དགོས།
གནས་ཚུལ་ཛ་དྲག་འོག་བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ལ་ཞིག་བཟོ་བྱེད་དགོས་བྱུང་ཚེ། གཞིས་བདག་ཚོགས་ཆེན་ནམ་གཞིས་བདག་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཀྱི་ཞིག་བཟོའི་གྲོན་དངུལ་བཀོལ་སྤྱོད་བྱེད་པའི་རེ་འདུན་ཞུས་ཆོག
ཁྲིམས་ལུགས་འཆད་སྟེགས།
གློག་སྐས་ལ་སྐྱོན་ཤོར་བ་དང་ཁང་པའི་ཐོག་ཁ་ནས་ཆུ་འཛག་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ། བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཉམས་བཟོའི་གྲོན་དངུལ་སྤྱད་དེ་ཉམས་བཟོ་བྱས་ན་འགྲིག བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཉམས་བཟོའི་གྲོན་དངུལ་ལ་སྐབས་རེ་ཉམས་བཟོའི་ཆེད་དངུལ་ཡང་ཟེར་གྱི་ཡོད། དེ་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་བཞིན་བཙུགས་པའི་སྡོད་ཁང་གི་སྤྱི་དབང་ཆ་ཤས་དང་སྤྱི་པའི་སྒྲིག་བཀོད་ཉམས་བཟོའི་དུས་ཚོད་ཐིམས་རྗེས་གཞི་ཁྱོན་ཆེ་བའི་ཉམས་བཟོ་དང་དེ་བཞིན་རྙིང་པ་གསར་བརྗེས་དང་སྒྱུར་བཀོད་བྱེད་པར་སྤྱོད་པའི་མ་དངུལ་གྱིས་ནུས་པ་རྒྱུན་གཏན་བཞིན་ཐོན་པའམ་བེད་སྤྱོད་སྔར་བས་ལེགས་པ་ཐུབ་པའམ་ཡང་ན་ནུས་པ་གསར་པ་ཐོན་པར་བྱེད་པ་ལ་ཟེར་བ་ཡིན།