《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月11日

༄༅། །འུ་གཉིས་ལྡོག་ཟླ་རེད།

གངས་ཆབ་ལྷ་སྲས།

ང་ནི་ཕྱི་ཡི་མཛེས་སྡུག་ལྷུན་པོར་ཆགས། །

ཁྱོད་རང་ནང་གི་མཛེས་པ་རྣལ་མར་དུང་། །

ང་ཡིས་མདུན་གྱི་མེ་ཏོག་འཐུ་ཞོར་ཆས། །

ཁྱོད་ཀྱིས་རྒྱབ་ཏུ་རེ་བཞག་དུ་མ་འཁུར། །

འུ་གཉིས་མ་གཞིར་ལྡོག་ཟླ་ཁོ་ནར་སྣང་། །

ང་རང་ཁུ་སིམ་སྡོད་པར་གཤིས་སུ་གྲུབ། །

ཁྱོད་ཉིད་འུར་ཟིང་ཀློང་ནས་རྒྱུ་བར་སྤྲོ། །

ང་ཡིས་སྒེར་གྱི་འཚོ་བར་མཛེས་ཆས་སྤྲས། །

ཁྱོད་ཀྱིས་གཞུང་གི་ལས་ལ་ཁ་དོག་བསྣན། །

འུ་གཉིས་མ་གཞིར་ལྡོག་ཟླ་ཁོ་ནར་སྣང་། །

ང་ཡིས་དབྱར་ཟླ་གསུམ་གྱི་མཛེས་པར་རེ། །

ཁྱོད་ཀྱིས་ཉིན་མཚན་དབྱེར་མེད་ཁ་བར་བསྒུགས།

ང་རང་སྟོན་གྱི་ལོ་མའི་ལང་ཚོར་འཁྲེང་། །

ཁྱོད་རང་དཔྱིད་དཔལ་བུ་མོའི་འཛུམ་ལ་ཞེན། །

འུ་གཉིས་མ་གཞིར་ལྡོག་ཟླ་ཁོ་ནར་སྣང་། །

ང་ཡི་མི་ཚེ་མནོག་ཆུང་བྱ་བར་སྟོངས། །

ཁྱོད་ཀྱི་མི་ཚེར་འཇའ་འོད་གུར་ཁང་ཕུབ། །

ཁྱོད་ལ་ཤེས་ཡོན་གཉིས་ལྡན་རྣམ་དཔྱོད་མངའ། །

ང་རང་ལེ་ལོས་བཟི་ནས་འབྱུང་འགྱུར་བརླགས། །

འུ་གཉིས་མ་གཞིར་ལྡོག་ཟླ་ཁོ་ནར་སྣང་། །