བྱིས་པ་ཚོ། ཁྱེད་ཅག་གི་མ་འོངས་པའི་མདུན་ལམ་མམ་འབྱུང་འགྱུར་གྱི་ལོ་ཟླ་རེ་རེར་འོད་ཟེར་སྟོང་ལྡན་འཕྲོ་བར་ངས་རེ་སྨོན་བྱེད་ཀྱིན་ཡོད། དྲག་སྤྱོད་ཀྱི་སློབ་གསོ་དང་། ཐབས་ཟད་དང་འུ་ཐུག་གི་སློབ་གསོ། དེང་གི་དུས་སུ་དེ་དག་ནི་རྣམ་པ་ཀུན་ཏུ་འདོར་བྱའི་རྒྱུ་ཡིན་ཞིང་། དུས་རབས་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། འགྲོ་བ་མི་ཡི་གཤིས་ལུགས་དང་མཐུན་པའི་སློབ་གསོའི་བར་སྣང་ཡངས་པོར་འཕུར་ལྡིང་བྱེད་རྒྱུ་ནི་ད་གཟོད་ཁྱེད་ཚོའི་འབད་འཐབ་ཀྱི་ལམ་བུ་ལགས།
ཁྱེད་ཚོ་ལུས་བདེ་སེམས་བདེའི་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་ནི་གཙོ་བོ་ཡིན། སློབ་གསོ་ངན་པའི་ར་རིའི་དྲི་མས་མ་སྦགས་པར་ཁྱེད་ཅག་གི་ལང་ཚོའི་མེ་ཏོག་མཛེས་སྡུག་དང་བཅས་གཉོམ་ལག་རྒྱས་པར་བྱེད་དགོས། ཁྱེད་ཅག་ནི་དཔྱིད་ཀྱི་མེ་ཏོག་ལྟར་རིམ་བཞིན་ལང་ཚོའི་མཛེས་པ་ངོམ་སྒང་ཡིན་པས། མཛེས་སྡུག་ལྡན་པའི་མེ་ཏོག་གིས་སྐྱེ་འགྲོའི་ཡིད་ཀྱི་དང་བ་འདྲེན་ཐུབ་པ་ཇི་བཞིན། ཁྱེད་ཅག་གི་ལྷག་བསམ་དང་སྙིང་སྟོབས་ཀྱིས་སྣོད་བཅུད་ཀྱི་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ཀྱི་ས་བོན་གཏོར་ཅིག བྱིས་པ་ཚོ། ཁྱེད་ཅག་གིས་ཕྱི་ཡི་རྣམ་པ་ཁོ་ནར་དང་དོད་བྱས་ནས་མ་བསྡད་པར། ནང་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་འབད་དགོས་ལ། ལྟ་རྒྱ་མཐོང་རྒྱ་ཆེ་བའི་མི་ཞིག་ཏུ་འགྱུར་བར་ཡང་འབད་དགོས། མི་རིགས་གང་ཞིག་ཡིན་རུང་། མ་འོངས་པའི་བདག་པོ་དང་། མི་རིགས་དེའི་རྒྱུན་འཛིན་པ་ནི་བྱིས་པ་ཁྱེད་ཅག་ཡིན་པས། ཁྱེད་ཅག་གིས་མེ་ཏོག་ལྟ་བུའི་ལང་ཚོར་གཅེས་སྤྲས་དང་གསེར་ལས་དཀོན་པའི་དུས་ཚོད་ལ་དམ་འཛིན་ཡག་པོ་བྱེད་དགོས།
གཏམ་དཔེར། མི་སེམས་བརྩེ་བས་གསོ། མེ་ཏོག་ཆུ་ཡིས་གསོ་ཟེར་བ་བཞིན། ཁྱེད་ཅག་གསོ་སྐྱོང་ལེགས་པོ་ཞིག་བྱེད་པར། ཁྱིམ་ཚང་གི་སློབ་གསོ་དང་། ཕ་མའི་སློབ་གསོ། དགེ་རྒན་གྱི་སློབ་གསོ། རྒན་རབས་པ་ཚོའི་སློབ་གསོ་དང་འབྲེལ་བ་ངེས་ཅན་ཡོད་པས། ཁྱེད་ཅག་གིས་སློབ་གསོ་མྱོང་བའི་གོ་སྐབས་ཆུད་ཟོས་སུ་གཏན་ནས་གཏོང་མི་ཉན། ཁྱེད་ཅག་གི་ཕྲག་སྟེང་དུ་འགན་འཁྲི་ལྕི་མོ་ཞིག་འཁུར་ཡོད་པ་སེམས་ལ་བཅངས་ནས། མདུན་སྐྱོད་ཀྱི་གོམ་པ་སྤོ་མཚམས་མ་བཞག་པར་མུ་མཐུད་དེ་མདུན་ནས་མདུན་དུ་སྐྱོད་རོགས། དུས་ཚོད་ཀྱི་བྲེལ་འཚུབ་དང་འགྲོགས་ནས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་རོགས། ཁྱེད་ཅག་ནི་རྫོགས་ལྡན་གྱི་དུས་རབས་གསར་པ་འདིར་སྐྱེས་པས། ཁྱེད་ཚོས་ཡ་རབས་གཞུང་དྲང་དང་ཡིན་ལུགས་ཚུལ་ལྡན་གྱི་མི་ཞིག་བྱས་ཏེ། དུས་རབས་གསར་པ་འདིར་དྲིན་གཟོ་དགོས། སྒྱིད་ལུག་དང་འཁང་ར་སོགས་ཀྱི་གོམས་གཤིས་དང་བསམ་སྦྱོར་ངན་པ་དག་རིང་དུ་དོར་ནས། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོས་རང་ལུས་བརྒྱན་ཏེ། མདུན་སྐྱོད་ཀྱི་གོམ་མཚམས་མི་འཇོག་པར་མུ་ནས་མུ་རུ་མདུན་དུ་སྐྱོད་དང་། འོད་ཟེར་སྟོང་ལྡན་འཕྲོ་བའི་འབྱུང་འགྱུར་གྱི་འཚོ་བ་གསར་པས་ཁྱེད་ཅག་ཚོར་སྒུག་ཡོད།