འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་དེ་རེད། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཆེད་དོན་འཆད་ཁྲིད་ལྷ་སར་གཉེར་ཞིང་། ལྗོངས་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་དམངས་གཉེར་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་མི་སྣའི་འཐུས་མི་ཁྱོན་མི་50ལྷག་ཙམ་གདན་ཞུས་ལྟར་འཆད་ཁྲིད་ལ་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་པ་སངས་དབང་འདུས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ལོ་མང་རིང་གི་ལག་ལེན་གྱི་ཉམས་མྱོང་དང་ཟུང་འབྲེལ་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀུང་སིའི་བཅའ་ཁྲིམས》ཀྱི་དོན་ཚན་གཙོ་བོར་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ། ཁེ་ལས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀུང་སིའི་བཅའ་ཁྲིམས》ཀྱི་ནང་དོན་ལ་གོ་བ་ཡག་པ་ལོན་པ་དང་ལག་ལེན་དངོས་སུ་ཡག་པོ་སྤྱོད་ཐུབ་པར་བྱས་ནས། ཁྲིམས་ལྟར་ཁེ་ལས་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་བ་རེད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དམངས་ཁྲིམས་ཁྲིམས་ར་གཉིས་པའི་དིང་ཀྲང་གཞོན་པ་ཁྲེང་དབྱི་ཡིས་རང་ཉིད་ཀྱི་ལོ་མང་རིང་གི་འདྲི་གཅོད་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། ཁ་གསལ་གོ་བདེའི་སྐད་ཆ་དང་དཔེ་མཚོན་གྱི་གྱོད་དཔེའི་ཐོག་ནས་དམངས་དོན་ཁྲིམས་གཞུང་དང་དམངས་དོན་ཁྲིམས་གཞུང་གི་གན་རྒྱའི་ཀུན་འཕྲོད་སྒྲིག་སྲོལ་གྱི་ཁྲིམས་འཛིན་འགྲེལ་བཤད་ཀྱི་འབྲེལ་ཡོད་ནང་དོན་ལ་དམིགས་ནས་ཁེ་ལས་ཀྱི་རྒྱུན་མཐོང་གི་བཅའ་ཁྲིམས་ཉེན་ཁར་དབྱེ་ཞིབ་ཞིབ་ཕྲ་བྱས་པར་མ་ཟད། དོགས་ཟོན་ཇི་ལྟར་བྱེད་པའི་ཐད་དམིགས་སའི་རང་བཞིན་ལྡན་པའི་བཅའ་ཁྲིམས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ཏེ། ཁེ་ལས་ཀྱི་བཅའ་ཁྲིམས་ཀྱི་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།
(སྐལ་མཆོག་དང་ཉི་དོན་གྱིས་སྒྱུར་ཞུས་བྱས)