《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月04日

༄༅། ། སློབ་མ་ཚོ་། མཐོ་རྒྱུགས་ལ་ཤུགས་རྒྱོབ་།

རང་ཚུགས།

འདི་ནས་བརྩིས་པའི་ལོ་གསུམ་གྱི་ཡར་སྔོན་དུ། ཁྱེད་ཚོ་ནི་འཚོ་བའི་ཁོར་ཡུག་གསར་པ་འདིར་སླེབས་མ་ཐག་པའི་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་ཤ་སྟག་རེད། ཟློག་ཏུ་མེད་པའི་ཆོས་ཉིད་ཀྱིས་སྐད་ཅིག་ཙམ་ལ་ཁྱེད་ཚོའང་དེང་གི་ཆར་མི་ཚེའི་ལམ་བཞི་མདོ་ཁ་དེ་རུ་སླེབས་ནས་སོ་སོ་རང་ཉིད་ཀྱི་མི་ཚེའི་ལམ་བུ་གདམ་ཁ་བྱེད་ས་སྟེ་མཐོ་རྒྱུགས་ཞེས་པའི་སྨྱུག་རྩལ་འགྲན་སའི་གཡུལ་སར་ཆས་ལ་རན། འདས་པའི་མི་ལོ་གསུམ་ནི་ང་དང་གེ་སར་གྱི་རོ་བཅུད་མྱོང་བཞིན་པའི་རྐང་དྲུག་གཞོན་ནུ་ཁྱེད་ཚོའི་ཚོགས་ལ་བརྗོད་ན་དོན་སྙིང་ལྡན་ཞིང་ཆེས་རིན་ཐང་མངའ་བའི་མི་ཚེའི་རྗེས་དྲན་ཞིག་ཏུ་གྱུར་ཡོད། དུས་ཚོད་ཀྱིས་ནམ་ཡང་ང་ཚོ་སྒུག་མི་སྲིད་ལ། ང་ཚོས་ཀྱང་དུས་ཚོད་ལ་བཀོད་འདོམས་བྱེད་ཐབས་བྲལ་བས། ལོ་ངོ་གསུམ་གྱི་འཚོ་བ་དེ་ཡང་དགའ་སྐྱོ་འདྲེས་མའི་དུས་ཀྱི་བར་གསེང་ནས་རྫོགས་ཤད་འཐེན་པའི་དུས་ལ་སླེབས། འདས་སོང་གི་ལོ་ཟླ་ནི་ལང་ཚོའི་དཔལ་ཡོན་དར་ལ་བབས་པའི་གཞོན་ནུ་ཁྱེད་ཚོར་མཚོན་ན་མི་ཚེ་ཧྲིལ་པོར་བརྗེད་དཀའ་ཞིང་དྲན་སྐྱེན་པ་ཤ་སྟག་ལགས།

ལྷན་འཛོམས་ནི་ཁ་སང་གི་ལོ་རྒྱུས་སུ་གྱུར་ཞིང་། གྱེས་བྲལ་ནི་ང་ཚོའི་མིག་མདུན་དུ་ལྷགས། འདས་སོང་གི་ལོ་ཟླ་ནི་དྲན་གསོ་ཙམ་དུ་ཟད་མོད། ལོ་ངོ་གསུམ་གྱི་སྐྱིད་སྡུག་འདྲེས་མའི་དངོས་ཡོད་འཚོ་བའི་ཕྱོགས་སུ་གོམ་ཁ་རེ་རེ་དལ་གྱིས་བསྒྱུར་ཚེ། བརྗེད་པར་དཀའ་བའི་གཏམ་རྒྱུད་གང་མང་ཞིག་བསམ་པའི་འཆར་ཡན་གྱི་ངོས་སུ་གློག་བརྙན་བཞིན་འཆར་ཡོང་། ལོ་ཟླ་དེ་དག་གི་ནང་དུ་ཁྱེད་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་དགེ་བའི་བཤེས་གཉེན་དམ་པའི་བསླབ་བྱར་ཉན་ཞོར། ཤེས་བྱའི་སྦྲང་རྩི་མཉམ་དུ་འཐུ་མྱོང་ལ། དཀའ་ངལ་དུ་མ་ཁྱད་དུ་བསད་ནས་གཅིག་ཕན་གཅིག་རོགས་ཀྱིས་མཉམ་དུ་ལམ་ལ་ཆས་ནས་འོང་། ལྷན་ཅིག་ཏུ་རྩེད་མོར་གཡེང་ནས་རིན་བྲལ་གྱི་དུས་ཚོད་གང་མང་འཕྲོ་བརླག་ཏུ་བཏང་ཡོད་ལ། ཡང་སྐབས་རེ་ན་རྫུ་བཏབ་ནས་སློབ་བྱོལ་བྱས་པ་ཐེངས་གཅིག་གཉིས་ག་ལ་ཡིན། མདོར་ན། ལོ་ངོ་འདི་དག་གི་རིང་། ཁྱེད་ཚོར་དགོད་སྒྲ་ཡོད་ལ་ངུ་ངག་ཀྱང་ཡོད། ཤེས་བྱའི་སྦྱངས་འབྲས་ཅུང་ཟད་བདོག་ཡོད་ལ། དུས་ཚོད་གང་མང་ཆུད་ཟོས་སུའང་སོང་ཡོད། མཚམས་མཚམས་སུ་རང་ཉིད་ཀྱི་སྦྱངས་བརྩོན་ལས་བྱུང་བའི་གྲུབ་འབྲས་ལོན་པར་བྱ་དགའ་དང་གཟེངས་བསྟོད་ཐོབ་ནས་དགའ་ངུའང་ཤོར་མྱོང་། འོན་ཀྱང་། དེ་དག་ཚང་མ་འདས་སོང་དུ་གྱུར་ཡོད་ལ་དེ་བས་འདས་པའི་མི་ལོ་འདི་དག་གི་ཁྲོད་ཁྱེད་ཚོས་སློབ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས། ཕུགས་བསམ་གྱི་སྤྱིལ་བུ་ཆུང་ཆུང་དེའི་སླད་དུ་བརྩོན་བརྒྱ་འབད་སྟོང་བྱས་ཡོད་པ་སྨོས་མེད་ལགས།

དུས་ཚོད་ནི་སྲབ་མེད་ཀྱི་རྟ་ཁ་ཐུར་དུ་རྒྱུག་པ་དང་དབྱེར་མ་མཆིས་པས། ཁྱེད་ཚོའི་མཐོ་འབྲིང་ལོ་གསུམ་གྱི་འཚོ་བའང་འདི་ལྟར་མཇུག་འགྲིལ་ནས་སློབ་ཆེན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་ལ་རན། མཐོ་འབྲིང་གི་འཚོ་བར་རྫོགས་ཤད་འཐེན་དུས། ང་ཚོས་དུས་དེ་ནས་བཟུང་སློབ་གོས་གྱོན་པའི་དུས་སྐབས་དེ་མཇུག་སྒྲིལ་ཞིང་། བཅུ་དྲུག་ལང་ཚོའི་དཔལ་གྱིས་ཕྱུག་པའི་དུས་དེ་ཡོལ་བ་ཚོར། མི་ལོ་གསུམ་གྱི་རིང་། ཁྱེད་ཚོར་ཕ་མའི་བྱམས་བརྩེ་འདྲ་བ་གནང་མཁན་ནི་མ་རིག་གི་རྨོངས་མུན་སེལ་བའི་སློབ་དཔོན་དག་ཡིན་པས། བཤེས་གཉེན་ཁོང་རྣམ་པ་དང་ཞལ་གྱེས་ལ་ཉེ་བའི་དུས་མཚམས་འདིར། ཁྱེད་ཚོའི་སེམས་ལ་བགྲང་གིས་མི་ལངས་པའི་སྐྱོ་སྣང་ཞིག་དབང་མེད་དུ་སླེབས་སྲིད། འོན་ཀྱང་། འཛོམས་པའི་མཐའ་མ་འབྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་སྟབས། ཁྱེད་ཚོས་མཐོ་རྒྱུགས་ནང་གཡུར་ཟའི་གྲུབ་འབྲས་ཐོབ་པར་བྱས་ཏེ་བཤེས་གཉེན་ཚོའི་བཀའ་དྲིན་གསོལ་དགོས།

མི་ལོ་འདི་དག་རིང་ཁྱེད་ཚོས་བསླེབ་ལ་ཉེ་བའི་མཐོ་རྒྱུགས་འདི་ཡི་ཆེད་སྟ་གོན་གང་མང་བྱས་ཡོད་ལ། དཀའ་ངལ་དང་ཕམ་ཉེས་ཀྱི་ཁྲོད་མགོ་བསྒུར་ནས་མ་བསྡད་པར་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་ཡང་ཡང་བྲབས་ཏེ་དེ་རིང་གི་བར་དུ་མགོ་བོ་མཐོན་པོར་དགྱེ་བཞིན་འོང་། འདས་སོང་གི་ལོ་ཟླར་ཁྱེད་ཚོར་ཐོབ་པའི་ཉམས་མྱོང་རེ་རེ་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་རེ་རེ་ཡིན་ལ། ཕམ་ཉེས་ཀྱི་ཁྲོད་ནས་ཐོབ་པའི་བསླབ་བྱ་རེ་རེ་ནི་ལེགས་གྲུབ་ཀྱི་རྨང་གཞི་རེ་རེར་གྲུབ།

ཇི་སྐད་དུ། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་འདོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་པ་ལྟར། ཕྱིས་འབྱུང་ཁྱེད་ཚོས་མིག་མདུན་གྱི་བདེ་བ་ཕྲན་བུ་རིང་དུ་དོར་ནས་མ་འོངས་ཕུགས་བསམ་འཚོལ་བའི་ལམ་བུར་འབད་དགོས།

མ་གཞི་ཡིག་རྒྱུགས་ཐེངས་གཅིག་གི་རྒྱལ་ཕམ་གྱིས་ང་ཚོའི་འབྱུང་འགྱུར་ཐག་གཅོད་མི་ནུས་ཀྱང་། ཁྱེད་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གོ་སྐབས་མཐའ་དག་ལ་དམ་འཛིན་བྱེད་རྒྱུ་མ་བརྗེད་པར། ནུས་ཤུགས་གང་ཡོད་བཏོན་ནས་མཐོ་འབྲིང་གི་ཆེས་མཐའ་མའི་ཡིག་རྒྱུགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་འབད་དགོས་སོ།།