《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月04日

རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གིས།

“ཁེ་ལས་ཀྱི་ཁྲིམས་སྐྱོང་བ”ཡག་པོ་བྱས་ནས་བདེ་འཇགས་ལ་ སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ནི་མངགས་གཏོང་ཁང་དེའི་མི་དམངས(ལས་རོགས)ཉེན་རྟོག་པས(གཡོན་གྱི་དང་པོ་དང་གཉིས་པ)ཁོངས་གཏོགས་ཁུལ་གྱི་ལས་ཡུལ་གྱི་ལས་མི་ཚོར་གནས་སྡོད་ལག་ཁྱེར་སྤྲོད་བཞིན་པ།

འདི་ནི་ཉེ་ཆར་མངགས་གཏོང་ཁང་དེའི་མི་དམངས་ཉེན་རྟོག་པས་ལས་ཡུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ཁྲོམ་རའི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཁེ་ལས་དེ་བས་མང་བ་ཞིག་དེ་གར་གཞིས་ཆགས་ཏེ་འཕེལ་རྒྱས་གཏོང་རྒྱུའི་གདམ་ག་བྱེད་ཅིང་། མིག་སྔའི་བར། ས་ཁུལ་དེར་ཁེ་ལས་སྣ་ཚོགས་24ཡོད་པ་རེད།

དཔལ་འབྱོར་འཕེལ་རྒྱས་ལ་གཡས་གཞོགས་གྱོན་འདེགས་བྱ་ཆེད། ངར་རབ་གྲོང་རྡལ་མངགས་གཏོང་ཁང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་རང་འགུལ་ངང་མཉམ་འདྲེས་བྱས་ནས། ཁེ་ལས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ་དང་། བདེ་འཇགས་བརྟན་ལྷིང་དམིགས་ཚད་དུ་བྱེད་པ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ཁེ་ལས་ཀྱི་འཕྲལ་མཁོ། མང་ཚོགས་ཀྱི་རེ་སྒུག་བཅས་ལ་དམིགས་པ་དང་། ཉེན་རྟོག་དང་ཁེ་ལས་མཉམ་འབྲེལ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ། “ཞབས་ཞུ་དང་། དྲིལ་བསྒྲགས། འགོག་སྲུང”བཅས་ཟུང་དུ་འབྲེལ་རྒྱུ་དེ་ཁེ་ལས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་རྨང་རྡོར་བརྩི་བ་བཅས་བྱས་ཏེ་སྤྱི་བདེའི་སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་གང་ཐུབ་བྱས་ཡོད།

ཐག་ཉེ་ས་ནས་ཁེ་ལས་ལ་ཞབས་འདེགས་ཞུས་པ།

“ང་ཚོར་གནས་སྡོད་ལག་ཁྱེར་མགྱོགས་པོ་འདི་འདྲ་གཉེར་རོགས་བྱས་པ་མ་ཟད། ད་དུང་སྒོ་འགྲམ་དུ་སྐྱེལ་བར་སླེབས་བྱུང་བས་ཞབས་ཞུ་ཡག་པོ་འདི་འདྲ་དངོས་གནས་བསམ་ཡུལ་ལས་འདས་སོང” ཉེ་ཆར། རུ་མི་གྲོང་ཚོའི་ཐོན་ལས་གླིང་གི་ཨར་སྐྲུན་པ་ཁྲེན་ལགས་ཀྱིས་མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པའི་སེམས་རྩ་འཁོལ་ལ་ལས་ཆོད་ཆེ་བའི་ཞབས་ཞུར་མཐེ་བོང་བསྒྲེངས་ཏེ་བསྔགས་བརྗོད་བྱས་པ་མ་ཟད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

ངར་རབ་གྲོང་རྡལ་མངགས་གཏོང་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་བྱས་ནས། མི་དམངས(ལས་རོགས)ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་རང་འགུལ་ངང་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ། སྒོ་རྩར་ཞབས་འདེགས་ཞུ་བ་དང་གཤམ་དུ་ལག་ཁྱེར་སྤྲོད་པར་བསྐྱོད་པ་བརྒྱུད། གྲངས་གཞི་མཉམ་སྤྱོད་མང་ཙམ་དང་མང་ཚོགས་འགྲོ་འོང་ཉུང་དུ་བཏང་ནས་ཁོང་ཚོའི་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུར་བརྟེན་ཏེ་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོ་ཚུན། མངགས་གཏོང་ཁང་དེས་ཁེ་ལས་སུ་ལག་ཁྱེར་གཉེར་བར་ཐེངས་10བསྐྱོད་པ་དང་། གནས་སྡོད་ལག་ཁྱེར་སོགས་ལག་ཁྱེར་268གཉེར་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་30ལྷག་ཙམ་ཐག་གཅོད་བྱས་ཡོད། “དེ་སྔ་ཁེ་ལས་ཀྱི་ལས་མི་མངགས་གཏོང་ཁང་དུ་གནས་སྡོད་ལག་ཁྱེར་གཉེར་བར་ཉིན་གསུམ་ཙམ་འགོར་གྱི་ཡོད། ད་ཆ་མངགས་གཏོང་ཁང་གིས་རང་འགུལ་ངང་ཁེ་ལས་དང་འབྲེལ་མཐུད་བྱས་ནས་ཞིབ་མཆན་འགོད་པའི་དུས་ཚད་ཐུང་དུ་བཏང་བས་ཉིན་དེ་རང་ལ་གཉེར་ཐུབ་པ་དང་ས་གནས་དེ་ག་ནས་གཉེར་ཐུབ་པ་བྱུང་ཡོད”ཅེས་མངགས་གཏོང་ཁང་དེའི་འབྲེལ་ཡོད་འགན་འཁུར་བས་བཤད།

སྤུས་ལེགས་དང་ནུས་ཆེའི་ཞབས་ཞུ་མཁོ་འདོན་བྱ་ཆེད། མངགས་གཏོང་ཁང་གིས“ཁེ་ལས་གཅིག་དང་ཉེན་རྟོག་པ་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། ཁོངས་གཏོགས་ཁུལ་དུ་གསར་དུ་བཅའ་སྡོད་བྱས་པའི་ཁེ་ལས་ལ་དུས་ཐོག་ཏུ་ཡིག་ཚགས་བཟོས་པ་དང་། དུས་ཚིགས་རེར་ཉེན་རྟོག་པ་དང་མི་དམངས་དབར་སྙིང་གཏམ་ཤོད་རེས་བྱེད་པ་དང་ཁེ་ལས་སུ་བཞུགས་མོལ་བྱེད་པར་བསྐྱོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁེ་ལས་ཀྱི་ལས་གྲྭའི་རྣམ་གྲངས་དང་དེ་བཞིན་ཉེ་འཁོར་གྱི་བདེ་འཇགས་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཁེ་ལས་ཁག་ལ་བདེ་སྲུང་ལས་དོན་གྱི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དུས་ཐོག་ཏུ་མཛུབ་ཁྲིད་བྱས་ནས་ཁེ་ལས་རང་ངོས་ཀྱི་བདེ་འཇགས་ལས་དོན་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

སྔོན་ཚུད་ནས་དྲིལ་བསྒྲགས་བྱས་ཏེ་ཁེ་ལས་ཀྱི“མེ་འགོག་གྱང”བརྟན་དུ་བཏང་བ།

ཁོངས་གཏོགས་ཁུལ་དུ་ཁེ་ལས་མང་བ་དང་ལས་བཟོ་མང་བས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་མང་བའི་ཁུལ་ཞིག་ཡིན་ཞིང་། གནས་ཚུལ་དེར་དམིགས་ཏེ་འདི་ལོ་ཚུན། མངགས་གཏོང་ཁང་གིས་སྔ་རྗེས་སུ་མི་དམངས(ལས་རོགས)ཉེན་རྟོག་པ་ཁེ་ལས་སུ་ཁ་བསླུས་ལ་འགོག་རྒོལ་བྱེད་པའི་སྒྲོག་འགྲེལ་ཐེངས་40ལྷག་ཙམ་བྱེད་པར་བསྐྱོད་པ་དང་། ཁ་བསླུས་ལ་འགོག་རྒོལ་བྱེད་པའི་དཔྱད་གཞི་སྣ་ཚོགས་8200ལྷག་ཙམ་སྤྲད་པས་མང་ཚོགས་2000ཙམ་ལ་ཕན་པ་ཐོབ་ཡོད། དེ་དང་ཆབས་ཅིག“གང་དུ་ཁ་བསླུས་ཡོད་ན་དེ་གར་ཁ་བསླུས་ལ་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་བྱ་རྒྱུ”མཐའ་འཁྱོངས་ཀྱིས་ཁེ་ལས་ཀྱི་འགན་འཁུར་བས་ཁ་བསླུས་ལ་འགོག་རྒོལ་བྱེད་པའི་ལས་དོན“སེམས་སུ་བཞག་པ་དང་རྟག་ཏུ་དམ་འཛིན”བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་ལས་མིར་ཁེ་བཟང་ཆུང་ངུར་མགོ་མི་འཁོར་བར“དངུལ་ཁུག”ཡག་པོ་སྲུང་རྒྱུར་ཁྲིད་སྟོན་བྱས་ཡོད།

གཞན་ཡང་མངགས་གཏོང་ཁང་དེས་ད་དུང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་འབྲེལ་གཏུག་ཧུར་ཐག་བྱས་ནས། དུག་འགོག་དང་། མེ་འགོག རྐུན་འགོག འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་སོགས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་ཞིབ་ཚགས་ངང་བཟོས་པའི“བདེ་འཇགས་འགོག་སྲུང་ཤེས་བྱ”ཁེ་ལས་སུ་ཁྱབ་གདལ་བཏང་བ་དང་འབྲེལ། ལས་བཟོ་ཚོར་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དོགས་གཞི་ཡོད་པའི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ་འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།

སྔོན་ཚུད་ནས་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་ཁེ་ལས་ཀྱི་བདེ་འཇགས་བསྲུངས་བ།

ཁོངས་གཏོགས་ཁུལ་གྱི་ཁེ་ལས་ལ་ལས་བཟོ་མང་བ་དང་ཕྱི་ནས་ཡོང་བའི་མི་འབོར་མང་བ་སོགས་ཀྱི་དོན་དངོས་ལ་དམིགས་ནས། མངགས་གཏོང་ཁང་དེས་ཉེན་རྟོག་དང་ཁེ་ལས་དབར་མགྱོགས་མྱུར་བརྡ་ལན་ཐག་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་། འགན་ནུས་ཀྱི་ནུས་པ་གང་ལེགས་འདོན་པ། ཁེ་ལས་ཀྱི་ཉེ་འཁོར་དང་ནང་ཁུལ་གྱི་བདེ་འཇགས་སྒྲིག་ལམ་ལ་མུ་མཐུད་བཅོས་སྒྲིག་བཅས་བྱས་ཏེ་ཁེ་ལས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཡོད། དེ་དང་ཆབས་ཅིག་ཁེ་ལས་དང་མཉམ་དུ་འོས་འགན་ཉེན་རྟོག་སྐོར་གཡེང་རུ་ཁག་བཙུགས་པ་དང་མཚམས་ཚིགས་གལ་ཆེན་ལ་སྐོར་གཡེང་བྱེད་པའི་ལམ་ལུགས་བཟོས་ནས། རླངས་འཁོར་གྱི་སྐོར་གཡེང་དང་། གོམ་བགྲོད་སྐོར་གཡེང་། གཅིག་སྡུད་སྐོར་གཡེང་། མཚན་མོའི་སྐོར་གཡེང་སོགས་སྐོར་གཡེང་དང་སྔོན་འགོག་བྱེད་སྟངས་བརྒྱུད། ཁེ་ལས་དང་དེ་བཞིན་ཉེ་འཁོར་ལ་རྒྱུན་རྣམ་ཅན་གྱི་བདེ་འཇགས་སྐོར་གཡེང་དང་སྔོན་འགོག་དང་ཚོད་འཛིན་བྱས་ནས“ཉིན་མོ་ཉེན་རྟོག་པ་མཐོང་ཐུབ་པ་དང་མཚན་མོ་ཉེན་བརྡའི་གློག་སྒྲོན་མཐོང་ཐུབ་པར”བྱས་ཏེ་བདེ་འཇགས་སྐོར་གཡེང་ལ་ཁུག་གསང་སྟོང་གསུམ་མི་ལུས་པའི་འགན་ལེན་བྱས་ཡོད།

ངར་རབ་གྲོང་རྡལ་མངགས་གཏོང་ཁང་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“དཔལ་འབྱོར་གང་དུ་འཕེལ་རྒྱས་ཕྱིན་ན་དེ་གར་ཞབས་འདེགས་ཞུ་བའི”འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ། སྔོན་ལ་ལས་དོན་སྤེལ་བ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། སྲུང་སྐྱོང་འགན་ལེན་སྟོབས་ཆེར་གཏོང་བ་དང་། སྲུང་སྐྱོང་གི་བྱ་ཐབས་ཏན་ཏིག་སྤེལ་བ། སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་པ། ཁེ་ལས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་ཧུར་ཐག་བྱེད་པ། ཐག་ཉེ་ས་ནས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་ཡོད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)