《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月04日

སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།

ཆང་བཏུངས་ནས་འཁོར་རིགས་གཏོང་བར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་དང་། མང་ཚོགས་ཀྱི་བདེ་འཇགས་ཕྱིར་སྐྱོད་ལ་འགན་ལེན། ཁྲིམས་འགལ་གཉེར་སྐྱོང་བཅོས་སྒྲིག་ལས་དོན་གྱི་དུས་འགོའི་ཕན་འབྲས་སྲ་བརྟན་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཆང་བཏུངས་ནས་འཁོར་རིགས་གཏོང་བར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་ཏེ། འགྲོ་ལམ་འགྲིམ་འགྲུལ་གྱི་དུས་བབ་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་བྱས་པ་རེད།

བྱེད་སྒོ་སྤེལ་རིང་། ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པས་དབྱར་དུས་ཀྱི་ཕྱིར་སྐྱོད་ཁྱད་ཆོས་དང་འགྲིམ་འགྲུལ་ཁྲིམས་འགལ་རིགས་ཐོན་པའི་ཆོས་ཉིད་ལ་དམིགས་པའི་ཁར། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཤིང་། གནས་གཏན་འཁེལ་དུ་ཁྲིམས་སྒྱུར་ལས་སྒྲུབ་དང་སྐོར་སྐྱོད་སྐོར་གཡེང་གི་བྱེད་ཐབས་སྤྱད་དེ་ཆང་བཏུངས་ནས་འཁོར་རིགས་གཏོང་བ་དང་། ལག་ཁྱེར་མེད་པར་འཁོར་རིགས་གཏོང་བ། ཁྲིམས་དང་མ་མཐུན་པར་བཟོ་བཅོས་རྒྱག་པ། སྲུང་ཐག་མི་སྤྱོད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ནན་པོ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་ཤར་གཏོང་གི་ཁོར་ཡུག་ལེགས་སུ་དང་མང་ཚོགས་ཕྱིར་སྐྱོད་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།

གཞན་ཡང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཁ་ལོ་བ་རྣམས་ལ་ཆང་བཏུངས་ནས་འཁོར་རིགས་གཏོང་བའི་གནོད་འཚེ་དང་དེ་བཞིན“རྨོག་ཞྭ་གཅིག་དང་སྲུང་ཐག་གཅིག”གི་གལ་ཆེའི་རང་བཞིན་དྲན་སྐུལ་བྱས་པ་དང་ཆབས་ཅིག ཚང་མར་ཚེ་སྲོག་ལ་གཅེས་སྤྲས་དང་། ཁྱིམ་ཚང་ལ་གཅེས་སྐྱོང་། བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད་བཅས་ཀྱི་འདུ་ཤེས་འཇགས་པར་བྱེད་པ་དང་།“ཆང་བཏུངས་རྗེས་རླངས་འཁོར་མི་གཏོང་བ་དང་རླངས་འཁོར་བཏང་ན་ཆང་མི་འཐུང་བའི”འདུ་ཤེས་ཟབ་མོ་བཅངས་ནས། ཆང་བཏུངས་ནས་འཁོར་རིགས་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མ་བྱུང་སྔོན་འགོག་གང་ཐུབ་བྱེད་དགོས་པའི་སློབ་གསོ་ཡང་བཏང་བ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)