(གཟའ་འཁོར་གོང་མར་མཐུད)
◆ དོན་ཚན་བརྒྱ་དང་གོ་བཞི་པ། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ཀྱི་མཇུག་མཐའི་ཟླ་བ་དྲུག་གི་ནང་ཚུན་དུ། གཤམ་གསལ་འགོག་རྐྱེན་གྱི་དབང་གིས་རེ་འདུན་ཞུ་དབང་སྤྱོད་མི་ཐུབ་པ་ཡིན་ན། གཏུག་བཤེར་ནུས་ཡུན་མཚམས་བཞག་པ་ཡིན།
(གཅིག) འགོག་ཐབས་བྲལ་བའི་ཤུགས་རྐྱེན།
(གཉིས) དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ལ་ཁྲིམས་བཀོད་ལས་ཚབ་པ་མེད་པའམ། ཡང་ན་ཁྲིམས་བཀོད་ལས་ཚབ་པ་ཤི་བ་དང་། དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བ། ལས་ཚབ་བྱེད་དབང་ཤོར་བ་བཅས།
(གསུམ) ཤུལ་འཛིན་བྱེད་འགོ་བརྩམས་རྗེས་ཤུལ་འཛིན་པའམ་ཤུལ་ནོར་དོ་དམ་བྱེད་མི་གཏན་ཁེལ་བྱས་མེད་པ།
(བཞི) ཁེ་དབང་བདག་པོ་ལ་འོས་འགན་འཁུར་མིའམ་མི་གཞན་གྱི་ཚོད་འཛིན་ཐེབས་པ།
(ལྔ) ཁེ་དབང་བདག་པོས་རེ་འདུན་ཞུ་དབང་སྤྱོད་མི་ཐུབ་པའི་འགོག་རྐྱེན་གཞན་དག
ནུས་ཡུན་མཇུག་སྒྲིལ་བའི་རྒྱུ་རྐྱེན་སེལ་ཉིན་ནས་ཟླ་བ་དྲུག་ལོངས་ཚེ། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་པ་ཡིན།
◆ དོན་ཚན་བརྒྱ་དང་གོ་ལྔ་པ། གཤམ་གསལ་གནས་ཚུལ་གྲས་ཤིག་བྱུང་ན་གཏུག་བཤེར་ནུས་ཡུན་མཚམས་བཞག་པ་ཡིན་ལ། མཚམས་བཞག་པ་དང་འབྲེལ་ཡོད་ལས་རིམ་མཇུག་རྫོགས་པའི་དུས་ནས་བཟུང་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་བསྐྱར་དུ་རྩི་དགོས།
(གཅིག) ཁེ་དབང་བདག་པོས་འོས་འགན་འཁུར་མི་ལ་འོས་འགན་སྒྲུབ་དགོས་པའི་རེ་འདུན་བཏོན་པ།
(གཉིས) འོས་འགན་འཁུར་མིས་འོས་འགན་སྒྲུབ་རྒྱུ་ཁས་བླངས་པ།
(གསུམ) ཁེ་དབང་བདག་པོས་ཞུ་གཏུག་བྱས་པའམ་འདུམ་གཅོད་བྱེད་རྒྱུའི་རེ་འདུན་བཏོན་པ།
(བཞི) ཞུ་གཏུག་བྱས་པའམ་འདུམ་གཅོད་བྱེད་པའི་རེ་འདུན་བཏོན་པ་དང་ནུས་པ་གཅིག་འདྲ་ལྡན་པའི་གནས་ཚུལ་གཞན་དག
◆ དོན་ཚན་བརྒྱ་དང་གོ་དྲུག་པ། གཤམ་གསལ་རེ་འདུན་འདོན་དབང་ཐད་ལ་གཏུག་བཤེར་ནུས་ཡུན་སྐོར་གྱི་གཏན་འབེབས་སྤྱད་མི་འཐུས།
(གཅིག) གནོད་འཚེ་གཏོང་མཚམས་འཇོག་པ་དང་། འགོག་རྐྱེན་སེལ་བ། ཉེན་ཁ་སེལ་བ་བཅས་ཀྱི་རེ་འདུན་འདོན་པ།
(གཉིས) བརྟན་ནོར་གྱི་དངོས་དབང་དང་ཐོ་འགོད་བྱས་པའི་འགུལ་ནོར་གྱི་དངོས་དབང་གི་ཁེ་དབང་བདག་པོས་རྒྱུ་ནོར་ཕྱིར་སློག་བྱེད་དགོས་པའི་རེ་
འདུན་འདོན་པ།
(གསུམ) གསོ་སྐྱོང་གྲོན་དངུལ་དང་། ཞབས་ཏོག་གྲོན་དངུལ་ལམ་འཚོ་སྐྱོང་གྲོན་དངུལ་སྤྲོད་དགོས་པའི་རེ་འདུན་འདོན་པ།
(བཞི) ཁྲིམས་ལྟར་གཏུག་བཤེར་ནུས་ཡུན་སྤྱད་མི་འཐུས་པའི་རེ་འདུན་འདོན་དབང་གཞན་དག
◆ དོན་ཚན་བརྒྱ་དང་གོ་བདུན་པ། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་དང་། རྩིས་སྟངས་དང་དེ་བཞིན་མཚམས་འཇོག་པ་དང་མཚམས་གཅོད་པའི་རྒྱུ་རྐྱེན་བཅས་ནི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱེད་དགོས་པ་ལས། དོ་བདག་བར་གྲོས་དན་བཞག་པར་ནུས་པ་མེད།
དོ་བདག་གིས་གཏུག་བཤེར་ནུས་ཡུན་གྱི་ཁེ་ཕན་སྔོན་ཚུད་ནས་སྤངས་པར་ནུས་པ་མེད།
◆ དོན་ཚན་བརྒྱ་དང་གོ་བརྒྱད་པ། བཅའ་ཁྲིམས་ཀྱིས་འདུམ་གཅོད་ཀྱི་ནུས་ཡུན་ལ་གཏན་འབེབས་བྱས་ཡོད་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
གཏན་འབེབས་བྱས་མེད་ན་གཏུག་བཤེར་ནུས་ཡུན་གྱི་གཏན་འབེབས་སྤྱད་འཐུས།
◆ དོན་ཚན་བརྒྱ་དང་གོ་དགུ་པ། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའམ་དོ་བདག་བར་གྲོས་དན་བཞག་པའི་ཕྱིར་འཐེན་བྱེད་དབང་དང་གྲོལ་འཐེན་བྱེད་དབང་སོགས་ཁེ་དབང་སོར་གནས་ཀྱི་ཡུན་ཚད་ནི། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད། ཁེ་དབང་བདག་པོས་ཁེ་དབང་བྱུང་བ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་རྩི་དགོས་པ་དང་། གཏུག་བཤེར་ནུས་ཡུན་མཚམས་འཇོག་པ་དང་མཚམས་གཅོད་པ། རྒྱུན་སྲིང་བ་བཅས་ཀྱི་གཏན་འབེབས་སྤྱད་འཐུས། སོར་གནས་ཀྱི་ཡུན་ཚད་ལོངས་ན། ཕྱིར་འཐེན་བྱེད་དབང་དང་གྲོལ་འཐེན་བྱེད་དབང་སོགས་ཁེ་དབང་མེད་པར་གྱུར་པ་ཡིན།
◆ དོན་ཚན་ཉིས་བརྒྱ་པ། དམངས་ཁྲིམས་སུ་བཤད་པའི་ཡུན་ཚད་ནི་སྤྱི་ལོའི་ལོ་ཟླ་ཉིན་གསུམ་དང་ཆུ་ཚོད་ཐོག་ནས་རྩི་བ་ཡིན།
◆ དོན་ཚན་ཉིས་བརྒྱ་དང་དང་པོ། ལོ་ཟླ་ཉིན་གསུམ་གྱི་ཐོག་ནས་ཡུན་ཚད་རྩི་ཚེ། འགོ་ཚུགས་པའི་ཉི་མ་དེ་མི་རྩི་བར་ཉིན་གཉིས་པ་ནས་རྩི་འགོ་འཛུགས་དགོས།
ཆུ་ཚོད་ཀྱི་ཐོག་ནས་ཡུན་ཚད་རྩི་ཚེ། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའམ་དོ་བདག་བར་གྲོས་དན་བཞག་པའི་དུས་ཚོད་ནས་རྩི་འགོ་འཛུགས་དགོས།
◆ དོན་ཚན་ཉིས་བརྒྱ་དང་གཉིས་པ། ལོ་དང་ཟླ་བའི་ཐོག་ནས་ཡུན་ཚད་རྩི་ཚེ། ཡུན་ཚད་ལོངས་པའི་ཟླ་བའི་ཆ་བཞག་ཚེ་གྲངས་ནི་དུས་ཡུན་དེའི་ཉིན་མཐའ་མ་བ་ཡིན། ཆ་བཞག་ཚེས་གྲངས་མེད་ན་ཟླ་མཇུག་གི་ཚེས་གྲངས་དེ་ནི་ཡུན་ཚད་ཉིན་མཐའ་མ་བ་ཡིན།
◆ དོན་ཚན་ཉིས་བརྒྱ་དང་གསུམ་པ། ཡུན་ཚད་ལོངས་པའི་ཉིན་མཐའ་མ་བ་དེ་ཁྲིམས་བཀོད་གུང་གསེང་ཉིན་མོ་ཡིན་ན། ཁྲིམས་བཀོད་གུང་གསེང་ཉིན་མོ་མཇུག་བསྒྲིལ་བའི་ཕྱི་ཉིན་དེ་ཡུན་ཚད་ལོངས་པའི་ཉིན་མཐའ་མ་བར་རྩི་དགོས།
ཡུན་ཚད་ཀྱི་ཉིན་མཐའ་མ་བའི་མཚམས་འཇོག་དུས་ཚོད་ནི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ཐོག་ཡིན་པ་དང་། ལས་སྒོའི་དུས་ཚོད་ཡོད་པ་ཡིན་ན། ལས་མཚམས་འཇོག་པའི་དུས་ཚོད་ནི་མཚམས་འཇོག་དུས་ཚོད་ཡིན།
◆ དོན་ཚན་ཉིས་བརྒྱ་དང་བཞི་པ། ཡུན་ཚད་རྩིས་སྟངས་ལ་བཅའ་ཁྲིམས་འདིའི་གཏན་འབེབས་གཞིར་འཛིན་དགོས། ཡིན་ན་ཡང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པའམ་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད།
ཡུན་ཚད་རྩི་བ།
ལེའུ་བཅུ་པ།
◆ དོན་ཚན་ཆིག་སྟོང་ཉིས་བརྒྱ་དང་ང་དགུ་པ། དམངས་ཁྲིམས་ནང་བརྗོད་པའི་“ཡན”དང་། “མན” “ནང་ཚུན” “དུས་བཀག་ལོངས་པ”ཞེས་པའི་ནང་དུ་བརྗོད་གཞི་གྲངས་ཀ་ཚུད་པ་དང་། “མ་ལོངས་པའམ་མ་སོན་པ”དང་། “བརྒལ་བ” “ཕུད་པ”ཞེས་པའི་ནང་དུ་བརྗོད་གཞི་གྲངས་ཀ་ཚུད་མེད།
◆ དོན་ཚན་ཆིག་སྟོང་ཉིས་བརྒྱ་དང་དྲུག་ཅུ་པ། བཅའ་ཁྲིམས་འདི་2021ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། 《གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་། 《ཤུལ་འཛིན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ》 《ཉར་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《ཁག་ཐེག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《གན་རྒྱའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《དངོས་དབང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《དབང་གནོད་འགན་འཁྲིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན》བཅས་དུས་མཚུངས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན།
ཞར་བྱུང་དོན་ཚན།